ཟླ1པོར་མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་དུས་མཉམ་ལས51.4%འཕར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གཙོ་བོའི་འགག་སྒོས་ཕྱིར་གཏོང་ནང་འདྲེན་གནས་ཚུལ་ཡར་ཞུ་བྱས་པའི་གཞི་གྲངས་ལྟར་ན། ད་ལོའི་ཟླ1པོར་མཚོ་སྔོན་ཞིང་ཆེན་ཡོངས་ཀྱིས་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར51.4ལེགས་འགྲུབ་བྱས་པ་དང་དུས་མཉམ་ལས51.4%འཕར་ཡོད། ཞིང་ཆེན་ཡོངས་ཀྱི་དོན་དངོས་སུ་ཕྱི་རྒྱལ་གྱི་མ་དངུལ་སྤྱོད་ཚད་སྒོར་ཁྲི1000ལ་སླེབས་ཏེ། ན་ནིང་གི་ཟླ1པོ་དང་བསྡུར་ན་ཆེ་ཆེར་འཕར་བ་མངོན་འགྱུར་བྱས།

ཟླ1པོར་རང་ཞིང་གི་ཕྱི་ཕྱོགས་ཉོ་ཚོང་ཕྱིར་གཏོང་ནང་འདྲེན་ལ་གྲུབ་འབྲས་ཡག་པོ་ཐོབ་ཡོད་ཅིང་། ཕྱོགས་ཡོངས་ནས་ཕྱི་ཕྱོགས་ཉོ་ཚོང་འཕེལ་རྒྱས་ཀྱི་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་བ་དང་རྒྱབ་སྐྱོར་བྱ་ཆེད། མཚོ་སྔོན་ཞིང་ཆེན་གྱིས་སྔ་གཞུག་ཏུ《མཚོ་སྔོན་ཞིང་ཆེན་གྱིས་ཉོ་ཚོང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་གྱི་ཕྱི་ཕྱོགས་ཉོ་ཚོང་བརྟན་བརླིང་སུ་གཏོང་བའི་བྱེད་ཐབས་བཅུ》《ཕྱི་ཕྱོགས་དཔལ་འབྱོར་ཉོ་ཚོང་འཕེལ་རྒྱས་ཆེད་སྤྱོད་མ་དངུལ་གྱིས་ཕྱི་ཕྱོགས་ཉོ་ཚོང་རྣམ་གྲངས་ལ་རྒྱབ་སྐྱོར་བྱེད་པའི་ཚད་གཞི》སོགས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན།

ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”མགོ་རྩོམ་པའི་ལོ་ཡིན་ཞིང་། རང་ཞིང་གི་ཕྱོགས་བསྡུས་སྲིད་ཇུས་ལག་བསྟར་བྱེད་པར་ཕྱི་ཕྱོགས་ཉོ་ཚོང་རྒྱ་བསྐྱེད་པ་དང་། རིགས་སོ་སོའི་རྒྱབ་སྐྱོར་སྲིད་ཇུས་ཇེ་ལེགས་སུ་བཏང་སྟེ། ཕྱི་ཕྱོགས་ཉོ་ཚོང་གི་ཕྱོགས་བསྡུས་ཞབས་ཞུ་ལ་ཤུགས་སྣོན་བྱ་རྒྱུ་ཡིན་པ་མ་ཟད། རྒྱལ་སྤྱིའི་ཚོང་ར་ཧུར་ཐག་གིས་རྒྱ་སྐྱེད་དེ། ཞིང་ཆེན་ནང་ཁུལ་གྱི་ཁེ་ལས་ཀྱིས་ཐོན་སྐྱེད་སྒྲིག་ཆས་དང་། གནད་འགག་ལྷུ་ལག་ཆེ་ཆུང་། གཏེར་ཁའི་རྒྱུ་ཆ་གཙོ་བོ་བཅས་ནང་འདྲེན་བྱེད་པར་སྐུལ་སློང་བྱས་པ་བརྒྱུད། ནང་འདྲེན་གཞི་ཁྱོན་རྒྱ་སྐྱེད་དེ། ལོ་ཧྲིལ་བོར་ཀྲུང་གོ་དང་ཡོ་རོབ་བར་གྱི་མེ་འཁོར་དང་། ལྕགས་ལམ་དང་མཚོ་ལམ་མཉམ་འབྲེལ་གྱི་མེ་འཁོར10ཡན་གཏོང་མགོ་ཚུགས་པར་འབད་བརྩོན་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།