བྱེད་ཐབས་གསར་པ་འདི་དག་ཟླ4པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་ཡིན་པས་ཁྱིམ་དུ་ལོ་ལོན་ཡོད་མཁན་གྱིས་དོ་སྣང་བྱེད་དགོས།

རྒྱལ་ཁབ་གནས་སྤོ་ཡུལ་མི་དོ་དམ་ཅུའུ་ཡིས་ཚེས23ཉིན་ཁྱབ་བསྒྲགས་བྱས་དོན། རྒན་རྒོན་གྱི་རྒྱལ་མཚམས་འགྲོ་འོང་དོ་དམ་ཞབས་ཞུའི་ལས་དོན་ལ་སྔར་བས་ཤུགས་སྣོན་དང་། རྒན་རྒོན་གྱི་རིག་ནུས་ཆ་འཕྲིན་ལག་རྩལ་སྤྱོད་པར་འཕྲད་པའི་དཀའ་ངལ་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་ཆེད། 2021ལོའི་ཟླ4པའི་ཚེས1ཉིན་ནས་བཟུང་རྒན་རྒོན་གྱིས་དཔང་ཡིག་བཟོ་བའི“ལྗང་མདོག་བགྲོད་ལམ”འཛུགས་པ་དང་། རྒན་རྒོན་གྱིས་དཔང་ཡིག་བཟོ་བའི་སྒྲིག་ཆས་བེད་སྤྱོད་བྱེད་པར་སྟབས་བདེ་སྐྲུན་པ། རྒན་རྒོན་གྱིས་དཔང་ཡིག་བཟོ་བའི་འདྲ་པར་སྒྲིག་བཟོའི་བརྒྱུད་རིམ་སྟབས་བདེ་གཏོང་བ་སོགས་ཀྱི་བྱེད་ཐབས་གསར་པ6ལག་ལག་བསྟར་བྱས་ཏེ། རྒན་རྒོན་རྣམས་རྒྱལ་མཚམས་བརྒལ་ནས་འགྲོ་འོང་བྱེད་པར་རོགས་རམ་བྱེད་ཆེད་ཆ་ཚང་བ་དང་། སྙིང་ཉེ་བ། སྟབས་བདེའི་ཞབས་ཞུ་བཅས་མཁོ་འདོན་བྱས་ཡོད། 

རྒན་རྒོན་ལ་དཔང་ཡིག་བཟོ་བའི“ལྗང་མདོག་བགྲོད་ལམ”བསྐྲུན་པ།

རྒན་རྒོན་སོགས་ཀྱི་རོགས་སྐྱོར་དགོས་མཁོ་ཡོད་པའི་ཚོགས་སྤྱིའི་སྐར་ཁུང་བཙུགས་ཏེ། རྒན་རྒོན་རྣམས་ཀྱིས་ལས་སྒུག་བྱེད་པའི་དུས་ཚོད་ཇེ་ཐུང་དུ་བཏང་ཡོད། རྒན་རྒོན་གྱིས་དྲ་ཐོག་ནས་དུས་ཆད་མ་བྱས་པར་ཐད་ཀར་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་དཔང་ཡིག་དེ་ཚོམས་ཆེན་གྱི་སྐར་ཁུང་ནས་འགྲོ་ལུགས་ལས་སྒོ་གཉེར་ཆོག་པ་མ་ཟད། སྐར་ཁུང་ལས་གཉེར་མི་སྣས་རྒན་པར་རོགས་རམ་བྱས་ཏེ་རེ་ཞུའི་རེའུ་མིག་པར་རྒྱབ་ནས། རྒན་པའི་རེའུ་མིག་སྐོང་བར་དཀའ་ངལ་ཡོད་པའི་གནད་དོན་ཐག་གཅོད་བྱས་ཡོད།

རྒན་རྒོན་གྱིས་དཔང་ཡིག་བཟོ་བའི་རང་འགུལ་སྒྲིག་ཆས་སྤྱོད་པར་སྟབས་བདེ་སྐྲུན་པ།

རྒན་རྒོན་གྱིས་དཔང་ཡིག་བཟོ་སྐབས་རང་འདེམས་སྒྲིག་ཆས་སྤྱོད་པར་སྟབས་བདེ་ཡོང་བ་དང་། རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་དཔང་ཡིག་བཟོ་བའི་ཚོམས་ཆེན་གྱི་རང་འདེམས་སྒྲིག་ཆས་བེད་སྤྱོད་བྱེད་པར་མིའི་ཐབས་ལ་བརྟེན་ནས་ཁྲིད་སྟོན་བྱེད་པའི་ཞབས་ཞུར་ཤུགས་བསྣན་ཏེ། རྒན་རྒོན་ལ་མིའི་ཐབས་ལ་བརྟེན་ནས་བློ་འདྲི་དང་ཁྲིད་སྟོན་བྱེད་པ་སོགས་ཀྱི་ཞབས་ཞུའི་རོགས་རམ་དང་རྒན་རྒོན་གྱིས་དཔང་ཡིག་བཟོ་བའི་སྒྲིག་ཆས་རང་འདེམས་བེད་སྤྱོད་བྱེད་པར་གཞོགས་འདེགས་བྱས་ནས། རྒན་རྒོན་ལ་རིག་ནུས་ཅན་གྱི་ཞབས་ཞུ་ལོངས་སྤྱོད་ཐུབ་པར་སྟབས་བདེ་བསྐྲུན་ཡོད།

རྒན་རྒོན་གྱིས་དཔང་ཡིག་བཟོ་བར་འདྲ་པར་སྒྲིག་བཟོའི་བརྒྱུད་རིམ་སྟབས་བདེར་བཏང་བ།

ལོ60(ཚུད་པ)ཡན་གྱི་རྒན་རྒོན་གྱིས་སྤྱིར་བཏང་གི་ལམ་ཡིག་དང་ཤང་ཀང་། ཨའོ་མོན་བཅས་སུ་འགྲོ་འོང་ཆོག་པའི་ལམ་ཡིག་གམ་ཡང་ན་ཐའེ་ཝན་དུ་འགྲོ་འོང་ཆོག་པའི་དཔང་ཡིག་བཟོ་བའི་རེ་ཞུ་བྱེད་པར། ལོ་5ཡི་ནང་ཚུན་དུ་བཟོས་པའི་རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་དཔང་ཡིག་གི་འདྲ་པར་རམ་ཡང་ན་ཡུལ་མིའི་ཐོབ་ཐང་དཔང་ཡིག་གི་འདྲ་པར་སྤྱད་ཆོག་པས་ཡུལ་དངོས་སུ་ཡང་བསྐྱར་པར་རྒྱག་མི་དགོས་ལ་འདྲ་པར་མཁོ་འདོན་ཡང་བྱེད་མི་དགོས། 

དཔང་ཡིག་དང་ལམ་ཡིག་སྣ་ཚོགས་བཟོ་བའི་འགྲོ་གྲོན་སྤྲོད་པའི་བྱེད་ཐབས།

རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་དཔང་ཡིག་བཟོ་བའི་ཚོམས་ཆེན་དུ་དངུལ་སྨར་དང་། དངུལ་ཁང་གི་བྱང་བུ། ལག་ཁྱེར་ཁ་པར་ནས་དངུལ་སྤྲོད་པ་སོགས་ཀྱི་དཔང་ཡིག་དང་ལམ་ཡིག་སྣ་ཚོགས་ཀྱི་འགྲོ་གྲོན་དངུལ་སྤྲོད་པར་དངུལ་སྨར་སྤྲོད་པའི་བརྗེ་སྒྱུར་བྱ་ཐབས་མཁོ་འདོན་བྱས་ཏེ། ལག་ཁྱེར་ཁ་པར་མེད་པར་དངུལ་སྤྲོད་པའི་ཆ་རྐྱེན་དང་ཡང་ན་དངུལ་ཁང་གི་བྱང་བུ་མེད་པའི་རྒན་རྒོན་གྱིས་དཔང་ཡིག་བཟོ་བའི་འགྲོ་གྲོན་སྤྲོད་པར་སྟབས་བདེ་བསྐྲུན་ཡོད།

རྒན་རྒོན་གྱིས་དྲ་ཐོག་ལས་སྒྲུབ་བྱེད་པ་ཇེ་ལེགས་སུ་བཏང་བ།

རྒྱལ་མཚམས་ནས་འགྲོ་འོང་བྱེད་པའི་སྲིད་དོན་ཞབས་ཞུའི་ལས་སྟེགས་རིམ་སྤོར་སྒྱུར་བཀོད་བྱེད་པ་དང་། གཉེན་གྲོགས་ཀྱིས་ཚབ་གཉེར་བྱེད་པ་སོགས་རྒན་རྒོན་གྱི་དྲ་ཐོག་ལས་སྒྲུབ་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་། བཀོལ་སྤྱོད་འཆར་ངོས་ཇེ་ལེགས་སུ་གཏོང་བར། ཡིག་གཟུགས་ཆེན་པོ་དང་མཐེབ་གནོན་ཆེན་པོའི་འཆར་ངོས་འགྲེམས་སྟོན་བྱས་ཏེ། སྟབས་བདེ་ཅན་དང་ཧེ་བག་ཅན་གྱི་སྒྲིག་སྲོལ་བཀོལ་སྤྱོད་ཀྱི་བརྒྱུད་རིམ་མངོན་འགྱུར་བྱེད་པ་བཅས་ཀྱི་ཐོག་ནས། རྒན་རྒོན་ལ་དྲ་ཐོག་ནས་སྟབས་བདེའི་ཞབས་ཞུ་སྔར་བས་མང་པོ་ལོངས་སྤྱོད་ཐུབ་པར་སྟབས་བདེ་བསྐྲུན་ཡོད།

སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱི་དཔང་ཡིག་མྱུར་སྐྱེལ་ཞབས་ཞུ་བཙུགས་པ།

གནས་སྤོ་ཡུལ་མི་ཅུའུ་ཡི་སྦྲེལ་དྲའི་སྲིད་དོན་ཞབས་ཞུའི་ལས་སྟེགས་ཀྱིས་དྲ་ཚུགས་དང་། གནས་སྤོས་ཡུལ་མི་ཅུའུ་ཡིAPP།  ཕྱོགས་གསུམ་པའི་ལས་སྟེགས་སོགས་དྲ་ཐོག་གི་ཐབས་ལམ་བརྒྱུད་ནས་རྒན་རྒོན་སོགས་རྒྱ་ཆེའི་མང་ཚོགས་ལ་དཔང་ཡིག་མྱུར་སྐྱེལ་དང་། སྦྲག་གླ་གཏོང་སྤྲོད། བརྒྱུད་རིམ་ཧྲིལ་པོའི་མྱུར་སྐྱེལ་ཆ་འཕྲིན་འདྲི་རྩད་སོགས་ཀྱི་དམངས་ཕན་ཞབས་ཞུ་མཁོ་འདོན་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།