ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་ཝང་ཞང་ཞི་དང་བཞུགས་མོལ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས22ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་རྣམ་གཉིས་ཀྱིས་ཟི་ལིང་དུ་རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱི་ལས་འཛིན་ལྷན་ཚོགས་ཀྱི་མགོ་གཙོ་ཝང་ཞང་ཞི་དང་བཞུགས་མོལ་བྱས་པ་མ་ཟད།《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ནུས་ཁུངས་དངུལ་གཏོང་སྡེ་ཚོགས་ཚད་ཡོད་འགན་འཁྲི་ཀུང་སིའི་འཐབ་ཇུས་མཉམ་ལས་གྲོས་གཞིའི》མིང་རྟགས་འགོད་པའི་མཛད་སྒོར་ཞུགས།

ཝང་ཅན་ཅུན་གྱིས་མཚོ་སྔོན་ཞིང་ཆེན་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ཝང་ཞང་ཞི་འཁོར་དང་བཅས་པ་མཚོ་སྔོན་དུ་ཕེབས་པར་དགའ་བསུ་བྱས་པ་དང་། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱིས་མཚོ་སྔོན་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ཐད་རྒྱབ་སྐྱོར་བྱས་པར་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛམ་གླིང་ཡོངས་ལ་རང་རྒྱལ་གྱིས“དབྱང་གཉིས་ཐན་རྫས་ཕྱིར་གཏོང་དེ་2030ལོའི་སྔོན་དུ་ཚད་གཞིའི་རྩེ་གྲས་སུ་སླེབས་པར་བརྩོན་ལེན་དང”2060ལོའི་སྔོན་དུ་ཐཱན་སྙོམས་སྦྱོར་མངོན་འགྱུར་བྱེད་པའི་ཁས་ལེན་བྱས་པ་དང་། སྤྱི་ཁྱབ་ཧྲུའུ་ཅིས་གནད་དོན་འདོན་པ་དང་ཏང་ཡོངས་ཀྱིས་ཐག་གཅོད་བྱེད་དགོས་པས། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་དང་མཚོ་སྔོན་ཞིང་ཆེན་བཅས་ལ་འགན་འཁྲི་ཕྲག་ཏུ་བབས་ཡོད། ནུས་ཁུངས་ནི་ཐོན་སྐྱེད་རྒྱུ་རྐྱེན་དང་ཐོན་སྐྱེད་ནུས་ཤུགས་ཡིན་ཞིང་། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱིས་རྒྱལ་ཁབ་ནུས་ཁུངས་འཕེལ་རྒྱས་དང་བདེ་འཇགས་ཀྱི་འགན་འཁྲི་ཕྲག་ཏུ་བླངས་ཡོད་ཅིང་། མཚོ་སྔོན་གྱིས་རྒྱལ་ཁབ་ནུས་ཁུངས་འཐབ་ཇུས་ཀྱི་གཤིན་ས་ནས་རྒྱལ་ཁབ་ནུས་ཁུངས་དག་གཙང་དཔེ་སྟོན་ཞིང་ཆེན་དུ་འཛུགས་སྐྲུན་བྱེད་བཞིན་ཡོད། ནུས་ཁུངས་ལ་མཐོང་ཆེན་བྱེད་པ་ནི་ཐོན་སྐྱེད་རྒྱུ་ཆ་དང་ཐོན་སྐྱེད་ནུས་ཤུགས་ལ་མཐོང་ཆེན་བྱེད་པ་ཡིན་ཞིང་། དེ་ཆབ་སྲིད་དང་དཔལ་འབྱོར་འབྲེལ་བས་རྒྱལ་ཁབ་ཀྱི་ལས་དོན་ཆེ་གྲས་ཡིན། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་དང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ངོས་འཛིན་གཅིག་གྱུར་དང་། དམིགས་འབེན་གཅིག་མཐུན་ཡིན། ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དང་། ནུས་ཁུངས་འཕེལ་རྒྱས་ཀྱི“གསར་བརྗེ་བཞི་དང་མཉམ་ལས་གཅིག”གི་འཐབ་ཇུས་བླང་བྱ་ལག་ལེན་མཐར་ཕྱིན་བྱེད་པ་དང་། “གནས་ལྔ་གཞི་གཅིག”གི་སྤྱིའི་བཀོད་སྒྲིག་དང་མཐུན་སྦྱོར་སྒོས“ཁྱོན་ཡོངས་བཞིའི”འཐབ་ཇུས་བཀོད་སྒྲིག་ལ་སྐུལ་འདེད་བཏང་སྟེ། ཕན་ཚུན་བར་རྒྱབ་སྐྱོར་དང་མཉམ་ལས་ཀྱིས་དགེ་མཚན་འདོན་སྤེལ་བྱེད་དགོས་པ་དང་། འཐབ་ཇུས་འཆར་འགོད་དང་རྩེ་རིམ་ཇུས་འགོད། ལག་རྩལ་རྟེན་གཞི་སོགས་ཀྱི་ཐད་ཐོད་བརྒལ་དང་གསར་གཏོད་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། གཉིས་ཁེ་གཉིས་ཕན་མངོན་འགྱུར་དང་མཛེས་སྡུག་གི་མ་འོངས་པ་གསར་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་པའི་བླང་བྱ་བཏོན།

ཝང་ཞང་ཞི་ཡིས་བསྟན་དོན། མཚོ་སྔོན་གྱི་ནུས་ཁུངས་སྒྲིག་གཞི་ལུགས་མཐུན་ཡིན་ཞིང་། དག་གཙང་ནུས་ཁུངས་ཀྱི་ཐོན་ཁུངས་འཛོམས་པོ་ཡིན་པས། ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་སྒུལ་ཤུགས་ཧ་ཅང་ཆེ།རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“གསར་བརྗེ་བཞི་དང་མཉམ་ལས་གཅིག”གི་ནུས་ཁུངས་བདེ་འཇགས་འཐབ་ཇུས་དང་ཐཱན་ཉུང་རྩེ་གྲས་དང་།ཐཱན་སྙོམས་སྦྱོར་གྱི་དམིགས་འབེན་ལས་འགན་དོན་འཁྱོལ་བྱས་ཏེ། ནུས་ཁུངས་མཁོ་འདོན་གྱི་རྨང་གཞི་དང་ནུས་ཁུངས་གསར་བརྗེའི་སྣེ་ཁྲིད་པ་ཞིག་བྱེད་པར་འབད་བརྩོན་བྱེད་དགོས་ཅེས་བསྟན།

ཞིང་ཆེན་གྱི་མགོ་ཁྲིད་ལིས་ཅེ་ཞང་དང་ཡུས་ཚུང་ལི། རྒྱལ་ཁབ་ནུས་ཁུངས་སྡེ་ཚོགས་ཀྱི་སྤྱི་གཉེར་བ་ལིག་ཀའོ་ཡུའེ་བཅས་བཞུགས་མོལ་ལ་ཞུགས།།

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།