མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་བྱ་བའི་གྲོས་ཚོགས་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བྱ་བར་བླང་བྱ་བཏོན་པ་དང་། ཧྲིན་ཀྲང་གཞོན་པ་ལིག་ཐའོ་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། 

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། རང་བྱུང་ཐོན་ཁུངས་ནི་ཐོན་སྐྱེད་རྒྱུ་རྐྱེན་ཡིན་པ་མ་ཟད་ཐོན་སྐྱེད་ནུས་ཤུགས་ཀྱང་ཡིན་ཞིང་། རང་བྱུང་ཐོན་ཁུངས་བྱ་བ་ནི་ཐོན་སྐྱེད་རྒྱུ་རྐྱེན་ལ་སྲུང་སྐྱོབ་དང་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏོང་བའི་བྱ་བ་གལ་ཆེན་ཞིག་ཡིན་ལ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སྐུལ་འདེད་ཁྲོད་གོ་གནས་དམིགས་བསལ་དང་འགན་འཁྲི་ཆེས་ལྕི་བ་ཡིན། འདས་པའི་ལོ་ངོ་གཅིག་ནི་སྤྱིར་བཏང་མིན་ཞིང་། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་སྡེ་ཁག་གི་བྱ་བ་ཡང་སྤྱིར་བཏང་མིན་ལ། སྒོས་སུ་མུ་རིའི་གཏེར་ཁུལ་དང་མདོ་ལ་རི་བོའི་ལྷོ་རྒྱུད་མཚོ་སྔོན་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལ་སྐུལ་འདེད་བྱེད་པ་དང་འབྲེལ་ནས། རང་བྱུང་ཐོན་ཁུངས་སྡེ་ཁག་གི་རྒྱ་ཆེའི་ལས་བཟོ་བས་དཀའ་སྤྱད་ཀྱི་འབད་བརྩོན་བྱས་ཡོད། ད་ལོ་ནི“ལོ་ལྔའི་འཆར་གཞི་བཅུ་བཞི་པ”འགོ་རྩོམ་པའི་ལོ་ཡིན། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་བྱ་བས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དང་། རི་ཆུ་ནགས་རྩྭ་དང་མཚེའུ་ཞིང་བྱེ་འཁྱགས་བཅས་ནི་ཚེ་སྲོག་གི་གཅིག་མཐུན་འདུས་གྲུབ་ཡིན་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བ་དང་། ཐོན་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱལ་ཁབ་ཐབས་ཇུས་རྒྱུན་འཁྱོངས་བྱས་ནས། ཕྱོགས་བསྡུས་བཅོས་སྐྱོང་བྱ་བར་སྐུལ་འདེད་བཏང་སྟེ། མི་དང་རང་བྱུང་འཆམ་མཐུན་འཕེལ་རྒྱས་ཀྱི་དེང་རབས་ཅན་གྱི་རྣམ་པ་གསར་བ་གྲུབ་པར་སྐུལ་འདེད་བཏང་ནས། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཏང་བཙུགས་ནས་ལོ་ངོ100འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་བསྟན། 

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། འདས་པའི་ལོ་ངོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་སྡེ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱས་ཏེ། དཀའ་སྤྱད་འབད་བརྩོན་དང་འཕེལ་རྒྱས་བརྩོན་ལེན་བྱས་ནས། རྒྱལ་ཁོངས་འཆར་འགོད་སྒྲིག་བཟོ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཐིག་དམར་གཏན་འཁེལ། སྐྱེ་ཁམས་སྲུང་སྐྱོབ་སླར་གསོ། སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་ཐད་ཕན་འབྲས་གསར་བ་བླངས། ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་སྡེ་ཁག་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་ལག་ལེན་དང་། “ཏན་ཏིག་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི”བླང་བྱ་གལ་ཆེན་དང་“ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་ངེས་གནས་ལ་རྐང་བཙུགས་ཏེ། ཏན་ཏིག་གིས“གཅིག་གྱུར་གྱི་ལག་ལེན་གཉིས”ཀྱི་འགན་ནུས་ལག་བསྟར་གྱིས། མུ་མཐུད་དུ་རྒྱལ་ཁོངས་བར་སྟོང་གསར་སྤེལ་སྲུང་སྐྱོབ་ཀྱི་རྣམ་པ་ཇེ་ལེགས་སུ་བཏང་སྟེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་བྱེད་ནུས་འདོན་སྤེལ་བྱེད་པ་དང་།“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”མགོ་ལེགས་པོ་ཞིག་རྩོམ་པར་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན། 

ལིག་ཐའོ་ཡིས“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”དུས་སྐབས་ཀྱི་ཞིང་ཆེན་ཡོངས་ཀྱི་རང་བྱུང་ཐོན་ཁུངས་བྱ་བའི་ཐད་བླངས་པའི་ཕན་འབྲས་ལ་སྤྱི་བསྡོམས་བྱས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།