ཟི་ལིང་གྲོང་ཁྱེར་གྱི་ལོ་སར་སྐབས་ཀྱི་འཛད་སྤྱོད་ཚོང་ར་བྲིན་པོ་བྱུང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རིམས་ནད་འགོག་བཅོས་ཚོད་འཛིན་དང་ས་གནས་དེ་ག་ནས་ལོ་སར་བའི་གནས་བབ་གསར་བར་ཁ་གཏད་དེ། ད་ལོའི་ལོ་སར་སྐབས་སུ། ཟི་ལིང་གྲོང་ཁྱེར་གྱི་འཛད་སྤྱོད་ཚོང་རར་དར་རྒྱས་ཆེན་པོ་བྱུང་། གཙོ་གནད་ཚོང་ལས་ཁེ་ལས13གྱི་ཟླ2པའི་ཚེས11ཉིན་ནས་ཚེས17ཉིན་བར་གྱི་ཕྱིར་འཚོང་ལྟ་སྐུལ་ཚད་ལེན་གཞི་གྲངས་ལ་བལྟས་ན། ཚོང་ལས་ཁེ་ལས་འདི་དག་གིས་ཕྱིར་འཚོང་སྒོར་དུང་ཕྱུར1.38ལ་སླེབས་ཤིང་། དུས་མཉམ་ལས32.1%འཕར་ཡོད།

ལོ་སར་སྐབས་སུ། བན་ཏཱ་དང་ཐང་ཏའོ། ཝང་ཧྥུའུ་ཅིན་ཏཱ་ཞང་ཁྲིན། ཞིན་ཆན་ཐང་ཆེན། བུའུ་ཡོས་ཐང་ཆེན་སོགས་ཚོང་ལས་ཕྱོགས་བསྡུས་ལ་ཚོང་ལས་ཆ་ཚང་བ་དང་། ས་ཚིགས་གཅིག་དང་། གནས་ཚད་ཡོངས་ཀྱི་སྟབས་བདེ་ཞབས་ཞུ་ལྡན་པས་ལོ་སར་སྐབས་གཉེན་ཉེ་ལྷན་འཛོམས་དང་། གུང་གསེང་ཉོ་སྒྲུབ་བྱེད་ས་གཙོ་བོར་གྱུར་པ་དང་། དུས་ཆེན་གྱི་ཉིན7གྱི་ཆ་སྙོམས་མི་འཁོར་ཚད་མི་ཐེངས་ཁྲི42.3ལ་སླེབས་ཤིང་། གཙོ་བོ་འཚོ་བའི་དགོས་མཁོ་དངོས་རྫས་དང་། གྱོན་ཆས་སོགས་ནི་གྲོང་ཁྱེར་སྡོད་དམངས་ཀྱི་དུས་ཆེན་འཛད་སྤྱོད་ཚོང་རྫས་གཙོ་ཤོས་སུ་གྱུར་ཡོད། དུས་མཚུངས་སུ། ཁྱིམ་སྤྱོད་གློག་ཆས་ཕྱིར་འཚོང་བྱས་པ་ལེགས་ཤིང་། དུས་ཆེན་གྱི་སྐབས་སུ། ཀའོ་མའེ་དང་། སུའུ་ཉིན། ཅའོ་ཏེན་སོགས་ཁྱིམ་སྤྱོད་གློག་ཆས་ཁེ་ལས3གྱི་གོས་འཁྲུད་ཆས་དང་། འཁྱགས་སྒམ། ཐབ་ཆས་སོགས་ཚོང་རྫས་དག་ནི་དུས་ཆེན་སྐབས་བྲིན་ཆེ་བའི་ཚོང་རྫས་སུ་གྱུར་ཞིང་། ཁྱིམ་སྤྱོད་གློག་ཆས་ཁེ་ལས3གྱི་ཉིན7གྱི་ཕྱིར་འཚོང་དུས་མཉམ་ལས110.3%འཕར། 

དུས་མཚུངས་སུ། མཚོ་སྔོན་ཅན་དབྱིན་མགྲོན་ཁང་སོགས་གཙོ་གནད་མགྲོན་ཁང་དང་བཟའ་བཏུང་ཁེ་ལས15ལ་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་བོད་མཐོ་སྒང་གི་ཞིང་ཞོར་ཐོན་རྫས་གཅིག་བསྡུས་ལྟེ་གནས་ཀྱིས་ཞིང་ཆེན་ཕྱི་དང་། ས་གནས་ཀྱི་སྔོ་ཚོད་རྟེན་གཞི་དང་མཐུད་སྦྲེལ་བྱེད་པར་མཛུབ་སྟོན་བྱེད་པ་བརྒྱུད། ཤ་རིགས་ལས་བསྣོན་དང་བཤའ་ཚད་ཆེ་རུ་བཏང་སྟེ། ཚོང་ཟོང་ཁེ་ལས་དང་། སྒོ་རྩིས་ཚོང་ཁང་། ཞིང་ཞོར་ཐོན་རྫས་ཀྱི་སྡེབ་འཚོང་ཚོང་རའི་གསོག་ཉར་ལ་སྐུལ་སློང་བྱས་ཏེ། གྲོང་ཁྱེར་སྡོད་དམངས་ཀྱི་དུས་ཆེན་ཀྱི་ཚོང་ཟོག་དགོས་མཁོ་བསྐངས། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།