མཚོ་སྔོན་ཞིང་ཆེན་གྱིས་སྨན་བཅོས་འགན་སྲུང་བྱ་བའི་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ2ཚེས8ཉིན།  མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་བྱ་བའི་གྲོས་ཚོགས་ཟི་ལིང་ནས་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་།  ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བྱ་བའི་བླང་བྱ་བཏོན་པ་དང་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་གནང་།

ཝང་ཅན་ཅུན་གྱིས་སྨན་བཅོས་འགན་སྲུང་ནི་མི་དམངས་མང་ཚོགས་ཀྱི་ནད་གཞི་ཡོད་ཚད་སྨན་བཅོས་བྱ་ཐུབ་པ་དང་མཚོ་སྔོན་གྱི་བདེ་ཐང་འཛུགས་སྐྲུན་བྱེད་པའི་འདེགས་སྐྱོར་ཡིན་ལ། 2020ལོར་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་མ་ལག་གིས་རིམས་ནད་འགོག་རྒོལ་དང་དབུལ་ཐར་ཞབས་ཞུར་ལས་དོན་ཁྲོད་ནུས་པ་མི་དམན་པ་བཏོན་ཡོད་པ་དང་སྨན་བཅོས་འགན་སྲུང་བཅོས་བསྒྱུར་ཁྲོད་མི་རིགས་སོ་སོར་བདེ་སྐྱིད་ཀྱི་སྣང་བ་ཕྱིན་ཡོད་པ་མ་ཟད།  རིམ་པ་སོ་སོའི་བྱ་བར་གྲུབ་འབྲས་གསར་བའང་བླངས་ཡོད། ཝང་ཅན་ཅུན་གྱིས་བློ་མཐུན་ཡོངས་ལ་མཚམས་འདྲི་དང་བཀའ་དྲིན་ཞུས་པ་དང་མི་དམངས་དང་ཚེ་སྲོག་གཙོ་བོར་འཛིན་པ་ནི་ང་ཚོས་ཏང་གི་སྲིད་སྐྱོང་འདུ་ཤེས་དང་རིན་ཐང་འཚོལ་བསྙེགས་ཡིན་ལ།  སྨན་བཅོས་འགན་སྲུང་བྱ་བའི་འདུན་མ་དང་འོས་འགན་ཡང་ཡིན་པར་བསྟན།

ཞིན་ཁྲང་ཞིང་གིས་བསྟན་དོན།  འདས་པའི་ལོ་གཅིག་ནང་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་མ་ལག་གིས་མི་དམངས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་པ་དང་།  སྟོབས་ཤུགས་ཡོད་རྒུས་རིམས་ནད་འགོག་བཅོས་ཀྱི་རྒྱལ་ཁ་ལེན་པར་རྒྱབ་སྐྱོར་བྱས་ནས།  སྨན་བཅོས་འགན་སྲུང་དབུལ་སྐྱོར་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་།  སྨན་རྫས་རྒྱུ་ཆས་གཅིག་བསྡུས་སྒོས་ཉོ་སྒྲུབ་བྱས་ལ།  ཉེན་སྲུང་དངུལ་གཡོ་ལེན་བྱེད་པར་རྡུང་རྡེག་བྱས་པ་དང་། སྨན་བཅོས་འགན་སྲུང་ཆ་འཕྲིན་ཅན་དུ་བསྒྱུར་ཏེ་སྨན་བཅོས་འགན་སྲུང་གི“སྨན་བཅོས་རིགས་ལྔ་མཉམ་འགུལ”ཁྲོད་ཀྱི་རྨང་གཞི་རང་བཞིན་དང་སྣེ་ཁྲིད་རང་བཞིན་གྱི་ནུས་པ་འདོན་སྤེལ་བྱས།  ངས་འདི་ནས་བློ་མཐུན་ཚོར་འཚམས་འདྲི་དང་བཀའ་དྲིན་ཞུས་པ་ཡིན་ལ་ལོ་གསར་བའི་ནང་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་མ་ལག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འཐབ་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ།  “གཞི་རྩའི་འགན་སྲུང་དང་རྒྱུན་བསྲིང་བྱེད་ཆོག་པ།  དམངས་ཀྱི་འཚོ་བར་ཕན་འདོགས་པ།  བཅོས་བསྒྱུར་ལ་སྐུལ་འདེད་གཏོང་བ”བཅས་ཀྱི་སྤྱིའི་བླང་བྱ་ལྟར།  སྨན་བཅོས་འགན་སྲུང་ལམ་ལུགས་བཅོས་བསྒྱུར་ཟབ་སྤེལ་བྱེད་པ་དང་ཞིབ་ཕྲའི་དོ་དམ་བྱེད་པ།  སྨན་བཅོས་འགན་སྲུང་གི་ཞབས་ཞུ་ཆུ་ཚད་མཐོར་འདེགས་གཏོང་བ།  སྨན་བཅོས་འགན་སྲུང་ལས་དོན་གྱི་སྤུས་ཚད་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་བཏང་སྟེ།  བདེ་ཐང་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཟེར།

ཁོང་ཡུང་གིས་བསྟན་དོན།  2020ལོར་རིམས་ནད་སྔོན་འགོག་ལ་ཁ་ཕྱོགས་ནས། ཞིང་ཆེན་ཡོངས་ཀྱི་སྨན་བཅོས་འགན་སྲུང་སྡེ་ཁག་གིས་སྨན་བཅོས་མྱུར་སྐྱོབ་དང་། ལས་འགོ་བསྐྱར་ཚུགས། ཐོན་སྐྱེད་སླར་གསོ། སྨན་བཅོས་འགན་སྲུང་བཅོས་བསྒྱུར་བྱེད་པ་སོགས་ལ་དམིགས་ནས་འགན་འཁྲི་ཕྲག་ཏུ་ལེན་པ་དང་རང་འགུལ་གྱིས་འབད་འཐབ་བྱེད་པ་བཅས་བྱས་པས།  སྨན་བཅོས་འགན་སྲུང་བྱ་བའི་ཐད་ནས་ལས་འགན་གཙོ་བོ་ཡོངས་འགྲུབ་བྱས་པ་དང་བྱ་བ་སོ་སོ་འཕེལ་རྒྱས་སུ་གཏོང་བའི་རྣམ་པ་བཟང་བོ་མངོན་ཞིང་། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”བདེ་ལེགས་ངང་མཇུག་བསྡུས་ཏེ“ལོ་ལྔའི་འཆར་གཞི་བཅུ་བཞི་བ”མགོ་རྩོམ་པར་རྨང་གཞི་བརྟན་པོ་བཏིངས་ཟེར།

ཚོགས་ཐོག་ཏུ་རྒྱལ་ཡོངས་ཀྱི་སྨན་བཅོས་འགན་སྲུང་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་བརྒྱུད་བསྒྲགས་བྱས་པ་དང་།  ཞིང་ཆེན་སྨན་བཅོས་ཅུས་ཀྱི་བློ་མཐུན་འགན་འཁུར་བས་བྱ་བའི་སྙན་གསེང་ཞུས།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།