ལོ་ལྔ་ཡི་རིང་མཚོ་སྔོན་ཞིང་ཆེན་གྱི་མིརེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ73.7ལ་འཕར།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས8ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་བྱ་བའི་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བར། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་ནི་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་མ་དངུལ་གཏོང་ཤུགས་ཆེ་ཤོས་དང་། འཕེལ་རྒྱས་ཀྱི་མྱུར་ཚད་མགྱོགས་ཤོས། མང་ཚོགས་ལ་ཕན་ཐོབ་མང་ཤོས་བཅས་ཀྱི་ལོ་ལྔ་རེད། དེའི་ལོ་ལྔའི་རིང་མཚོ་སྔོན་ཞིང་ཆེན་གྱི་མི་རེའི་ཆ་སྙོམས་སྔོན་དཔག་ཚེ་ཚད་ལོ73.7ལ་འཕར་བས་ལོ2གྱིས་མཐོ་རུ་ཕྱིན་ཡོད།

ལོ་ལྔའི་རིང་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་བྱ་གཞག་ལ་མ་དངུལ་གཏོང་ཤུགས་སྔར་བས་ཆེ་རུ་ཕྱིན། ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་འགྲོ་གྲོན་གྱིསGDPཡི་བསྡུར་ཚད9.32%ནས11.97%བར་མཐོ་རུ་ཕྱིན་པ་དང་། སྲིད་གཞུང་དང་སྤྱི་ཚོགས་འཕྲོད་བསྟེན་གྱི་འགྲོ་སོང་གིས་འཕྲོད་བསྟེན་འགྲོ་གྲོན་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད72.48%ནས75.10%བར་འཕར་ནས། མི་སྒེར་གྱི་འཕྲོད་བསྟེན་འགྲོ་སོང་གིས་བཟུང་བའི་བསྡུར་ཚད27.52%ནས24.90%བར་མར་ཆག་པ་དང་། རྨང་གཞིའི་ནུས་ཤུགས་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བྱུང་ནས། སྨན་བཅོས་འཕྲོད་བསྟེན་གྱི་ཆ་རྐྱེན་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པས། མང་ཚོགས་ཀྱི་ནད་གཞི་སྨན་བཅོས་ཀྱི་ཁུར་པོ་རྒྱུན་ཆད་མེད་པར་ཡང་དུ་ཕྱིན་ཡོད་པ་རེད།

སྨན་བཅོས་འཕྲོད་བསྟེན་སྒྲིག་སྲོལ་བསྒྱུར་བཅོས་སྔར་ལས་གཏིང་ཟབ་ཏུ་སྤེལ། བསྡོམས་པས་རྣམ་པ་མི་འདྲ་བའི་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི112བཙུགས་པ་དང་གཞུང་བཙུགས་སྨན་ཁང་ཕྱོགས་བསྡུས་བསྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ལྕི་སྤྱི་འདོམས། སྨན་བཅོས་རོགས་སྐྱོབ། ནད་གཞིའི་འཕྲལ་བསྟུན་རོགས་སྐྱོབ། ལས་བཟོ་ཕན་ཚུན་རོགས་རེས་འགན་ལེན་བཅས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་མ་དངུལ་གྲབས་གསོག་གི་ཚད་གཞི་དང་། ཞིང་ཆེན་རིམ་པའི་སྤྱི་འདོམས། ནད་ལྕི་འགན་བཅོལ། ཚོང་ལས་འགན་བཅོལ་གཉེར་སྐྱོང་སོགས་ཀྱི་ཐད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེེབས་ཡོད། གཞུང་བཙུགས་སྨན་ཁང་གི་སྨན་རྫས་ཟད་གྲོན་རྒྱུ་ཆའི་རིན་གོང་འཕར་མ་མེད་པར་བཟོས་ནས་སྨན་རྫས་གཅིག་སྡུད་ཟད་གྲོན་རྒྱུ་ཆ་ཉོ་སྒྲུབ་བྱས་ཏེ། སྨན་ཁང་དང་གནས་ཁེལ་སྨན་རྫས་ཚོང་ཁང་གིས་དམིགས་བསལ་སྨན་ཉོ་བའི“སྟབས་བདེ་བགྲོད་ལམ”བཏོད་དེ། མང་ཚོགས་ཀྱི་སྨན་སྤྱོད་ཁུར་པོ་ཇེ་ཡང་དུ་བཏང་ཡོད། བདེ་ཐང་མཚོ་སྔོན་གྱི་བྱ་སྤྱོད་རབ་དང་རིམ་པ་རྒྱུན་མཐུད་ངང་ལག་བསྟར་བྱས་པ་རེད།

ནད་གཞི་ཚབས་ཆེན་འགོག་བཅོས་ཀྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན། རིམས་འགོག་འཆར་འགོད་ཀྱི་རིམས་འགོག་སྨན་ཁབ་སྙན་ཞུ་དང་ལེན་བྱེད་ཚད96%ཡན་རྒྱུན་འཁྱོངས་ཐུབ་ཡོད། ཞིང་ཆེན་ཡོངས་ཀྱི་ཐུམ་འབུའི་ནད་མཆེད་པའི་རྫོང39ཡི་མང་ཚོགས་ཁྲི480ཚང་མར་གྲལ་བཤེར་བྱས། ས་གནས་ཀྱི་ནད་འགོག་བཅོས་ཀྱི་ཆེད་དོན་ལོ་གསུམ་གྱི་འགག་སྒྲོལ་བྱ་སྤྱོད་ཀྱི་དམིགས་ཚད་ལས་འགན་ཚང་མ་ལེགས་གྲུབ་བྱུང་། རྒྱལ་ཁབ་ཀྱི་ཐོལ་བྱུང་རིམས་ནད(མཚོ་སྔོན)སྔོན་འགོག་ཚོད་འཛིན་དཔུང་ཁག་དང་རིམས་ནད་ཚབས་ཆེན་གྱི་ཐག་གཅོད་ནུས་པ་ཆེ་རུ་བཏང་།  འཕྲོད་བསྟེན་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་པ་དང་། སྨན་ཁང་དུ་སྡོད་པའི་སྨན་པ་དཀའ་བཅུ་པ་དང་སྔོན་མངགས་གནས་ངེས་ཀྱི་གསོ་རིག་སློབ་མ་སོགས་ཀྱི་ཤེས་ལྡན་པའི་རྣམ་གྲངས་ལ་ནན་ཏན་གྱིས་སྐུལ་འདེད་བཏང་བས་བསྡོམས་རྩིས་བྱས་ན་རིམ་པ་ཁག་དང་རིགས་ཁག་གི་འཕྲོད་བསྟེན་ཆེད་ལས་མི་སྣ་མི་ཐེངས་ཁྲི12.64གསོ་སྐྱོང་དང་གསོ་སྦྱོང་བྱས། 2020ལོའི་ལོ་མཇུག་ཏུ་སླེབས་སྐབས་ཞིང་ཆེན་ཡོངས་ཀྱི་འཕྲོད་བསྟེན་མི་སྣའི་བསྡོམས་འབོར་ཁྲི6.42ཟིན་ཡོད། ཀྲུང་ལུགས་དང་བོད་ལུགས་གསོ་རིག་སྨན་རྫས་བྱ་གཞག་འཕེལ་རྒྱས་སྔར་བས་མགྱོགས་སུ་ཕྱིན་ཡོད། རྒྱལ་ཁབ་ཀྱི་ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་གཙོ་གནད་ཆེད་སྦྱོང་ཚན་ཁག24དང་གཙོ་གནད་རིག་ཚན8། ཞིང་ཆེན་རིམ་པའི་ཀྲུང་བོད་ལུགས་གསོ་རིག་གི་གཙོ་གནད་ཆེད་སྦྱོང་ཚན་ཁག42འཛུགས་སྐྲུན་བྱས། རང་ཞིང་གི་གཙོ་གནད་མི་ཚོགས་ཀྱི་བདེ་ཐང་ཞབས་ཞུ་སྔར་ལས་ལེགས་བཅོས་བྱུང་། བདེ་ཐང་གི་དམིགས་ཚད་གཙོ་བོ་དང་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དབར་གྱི་ཧེ་བག་སྔར་བས་ཆུང་དུ་ཕྱིན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།