མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་རྒྱུན་ལས་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས19ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་ཏེ་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ནས། དཔལ་འབྱོར་བཀོད་གཏོང་དང་། ཕྱོགས་བསྡུས་ཁྲལ་བསྡུ་གསོག་ཉར་ཁུལ་འཕེལ་རྒྱས། “ཁུ་ནུའི་འཇོན་མི་དང་མཚོ་སྔོན་གྱི་རིག་གཞུང་ཞིབ་འཇུག་པ”འདེམས་བསྐོ། མཁར་གྲོང་སྡེ་ཁུལ་རྙིང་བའི་བསྒྱུར་བཀོད། དེ་མིན་རྒྱལ་ཁབ་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ཀྱི་ལས་དོན་ཐད་ཞིབ་འཇུག་བྱས།

གྲོས་ཚོགས་ལས་ནན་གྱིས་བསྟན་དོན། དཔལ་འབྱོར་བཀོད་གཏོང་ཞབས་ཞུའི་བྱ་བའི་སྒྲིག་སྲོལ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྤྱི་ཁོག་བཀོད་གཏོང་ཐབས་ཇུས་བཀོད་སྒྲིག་འཐུས་ཚང་དུ་གཏོང་བ་དང་། རང་ཞིང་གི་དཔལ་འབྱོརབཀོད་གཏོང་བྱེད་པ་གསར་གཏོད་དང་འཐུས་ཚང་དུ་གཏོང་བའི་བྱེ་བྲག་གི་བྱེད་ཐབས་ཤིག་ཡིན་ལ། འཐུས་ཚང་དང་ཡང་དག ཁྱོན་ཡོངས་ནས་འཕེལ་རྒྱས་གསར་བའི་འདུ་ཤེས་ཀྱིས། འཕེལ་རྒྱས་ཀྱི་རྣམ་པ་གསར་བའི་རྐང་ཚུགས་ས་དང་ཐོད་བརྒལ་བྱེད་ས་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་། རྒྱུན་རྣམ་ཅན་གྱི་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཅིག་གྱུར་བྱས་ཏེ། “བརྟན་བརླིང་དྲུག་”དང“འགན་སྲུང་དྲུག”གི་བྱ་བ་ལེགས་པོར་སྒྲུབ་ནས། ལས་རིགས་སྡེ་ཁག་གི་དཔལ་འབྱོར་བཀོད་གཏོང་ཞབས་ཞུའི་འགན་འཁྲི་གཙོ་བོ་ལག་བསྟར་བྱེད་པ་དང་། བསྡོམས་རྩིས་མཉམ་འབྲེལ་དང་བརྡ་འཕྲིན་མཉམ་སྤྱོད་སྒྲིག་སྲོལ་འཐུས་ཚང་དུ་གཏོང་བ། དེ་མིན་དཔལ་འབྱོར་འཁོར་རྒྱུགས་ལྟ་སྐུལ་ཚད་ལེན་དཔྱད་འཇོག་མ་ལག་འཐུས་ཚང་དུ་བཏང་སྟེ། དཔལ་འབྱོར་བཀོད་གཏོང་ཞབས་ཞུར་ཤུགས་བསྣོན་དང་ལེགས་བཅོས་བྱས་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་བའི”གོམ་པ་དང་པོ་ཡང་དག་དང་ལེགས་པོར་སྤོ་བར་ཤུགས་བསྣོན་དགོས། ཡིད་ཆེས་བརྟན་པོ་དང་འགན་འཁྲིའི་བྱེད་སྟངས་ཀྱིས་བཀོད་གཏོང་ལ་ཤུགས་བསྣོན་དང་། གཙོ་གནད་ཁྱབ་ཁོངས་དང་ལས་འགན། གོ་རིམ་བཅས་ལ་དམིགས་ནས། བྱ་བའི་ལས་འགན་སོ་སོ་ཞིབ་ཚགས་སུ་བཏང་སྟེ། དུས་ཚིགས་ཐོག་མར་མགོ་ལེགས་པོ་ཞིག་རྩོམ་པར་ཁག་ཐེག་བྱེད་དགོས་ཞེས་བསྟན། 

གྲོས་ཚོགས་ལས་བསྟན་དོན། ཕྱོགས་བསྡུས་ཁྲལ་བསྡུ་གསོག་ཉར་ཁུལ་ནི་སྒོ་འབྱེད་རང་བཞིན་གྱི་དཔལ་འབྱོར་སྟེགས་བུ་གལ་ཆེན་ཞིག་ཡིན་ཞིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་བ་འཛུགས་སྐྲུན་བྱེད་པ་དང་དམ་དུ་འབྲེལ་ཏེ། མཐུན་འགྲིག་ལ་ཤུགས་བསྣོན་དང་། འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་བཏང་སྟེ། སྔ་མོ་ནས་འཁོར་རྒྱུགས་བྱེད་པར་བརྩོན་ལེན་བྱེད་དགོས། ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། གཅིག་བསྡུས་ཁྲལ་བསྡུ་གསོག་ཉར་ལས་བསྣོན་འཛུགས་སྐྲུན་དང་། ཕྱིར་འཚོང་ཞབས་ཞུ། དངོས་ཟོང་སྐྱེལ་འདྲེན། ཞིག་གསོ་ཞིབ་བཤེར། གསར་སྤེལ་འཆར་འགོད་གཙོ་གནད་དུ་བྱས་ནས། ཕྱོགས་བསྡུས་ཁྲལ་བསྡུ་གསོག་ཉར་ས་ཁུལ་དེ་མཚོ་སྔོན་གྱི་ཕྱི་ཕྱོགས་དཔལ་འབྱོར་འཕེལ་རྒྱས་ཀྱི་གཅིག་བསྡུས་ས་ཁུལ་དུ་འཛུགས་སྐྲུན་བྱེད་པར་འབད་བརྩོན་བྱེད་དགོས་ཞེས་བསྟན།  ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།