ལོ་སར་སྐབས་སུ་མཚོ་སྔོན་གྱི་འཛད་སྤྱོད་ཚོང་ར་གཏན་འཇགས་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ལོ་སར་སྐབས་སུ། མཚོ་སྔོན་ཞིང་ཆེན་གྱི་འཛད་སྤྱོད་ཚོང་རའི་དངོས་གོང་གཏན་འཇགས་ཡིན་ཞིང་ཕྱིར་འཚོང་བྲིན། ལྟ་སྐུལ་ཚད་ལེན་གཞི་གྲངས་ལས་མངོན་པ་ལྟར་ན། ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཉོ་ཚོང་ཁེ་ལས་ཀྱིས་ཁྱོན་བསྡོམས་ཕྱིར་འཚོང་སྒོར་ཁྲི13754.3མངོན་འགྱུར་བྱུང་ཞིང་། དུས་མཉམ་ལས32.1%འཕར།

ལོ་སར་སྐབས་སུ། ཞིང་ཆེན་ཡོངས་ཀྱི་ཚོང་དོན་སྡེ་ཁག་གིས་ཏན་ཏིག་གིས་རིམས་ནད་འགོག་བཅོས་ཚོད་འཛིན་དང་། ཚོང་རའི་མཁོ་འདོན་དང་འཛད་སྤྱོད་ཕྱོགས་ཀྱི་བྱ་བའི་ལས་འགན་དོན་འཁྱོལ་བྱས། ཞིང་ཆེན་ཚོང་དོན་ཐིང་གིས《2021ལོའི་ལོ་སར་གྱི་ཚོང་རའི་མཁོ་འདོན་དང་འཛད་སྤྱོད་སྐུལ་སྤེལ་བྱ་བའི་སྐོར་གྱི་བརྡ་སྦྱོར》སྤེལ་བ་དང་། བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་དུས་ཆེན་གྱི་ཚོང་རར་མཁོ་འདོན་བྱས་ཏེ། རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་རིམ་པ་མང་ཞིང་རྣམ་པ་འདྲ་མིན་གྱི་འཛད་སྤྱོད་དགོས་མཁོ་བསྐངས། ཟླ2པའི་ཚེས10ཉིན། ཞིང་ཆེན་ཡོངས་ཀྱི་གཙོ་གནད་ལྟ་སྐུལ་ཚད་ལེན་བྱས་པའི་ཕྱིར་འཚོང་ཁེ་ལས68དུ་འབྲས་ཏུན847དང་ཕྱེ་ཏུན1072། འབྲུ་སྣུམ་ཏུན266། སྔོ་ཚོད་ཏུན868། བྱ་སྒོང་ཏུན110། འོ་མ་ཏུན171བཅས་གསོག་ཉར་བྱས་ཡོད། ས་གནས་སོ་སོས་ཤ་རིགས་དང་སྔོ་ཚོད་གསོག་ཉར་ཆ་ཚང་དུ་བཏང་ནས་སྔར་ལས་ལྷག་པའི་སྒོ་ནས་ཚོང་རའི་འཕྲལ་བསྟུན་སྙོམས་སྒྲིག་ནུས་ཤུགས་ཇེ་མཐོར་བཏང་། དུས་ཆེན་གྱི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་གཙོ་གནད་ཁེ་ལས་ཀྱི་འཁྱགས་ཤའི་ཚོང་ལས་གསོག་ཉར་ཏུན8500དང་། འཁྱགས་ཉར་ཕག་ཤ་ཏུན540གསོག་ཉར་བྱས་ཡོད། ཟི་ལིང་གྲོང་ཁྱེར་གྱིས་ཟླ1པའི་ཚེས20ཉིན་ནས་བཟུང་ཚོང་རར་སྔོ་ཚོད་གསོག་ཉར་བྱེད་འགོ་བརྩམས་ཤིང་། ད་ལྟའི་བར་དུ་ཏུན3000ལྷག་འདོན་སྤྲོད་བྱས། 

ལྟ་སྐུལ་ཚད་ལེན་བྱས་པ་ལྟར་ན། ལོ་སར་སྐབས་སུ། དུ་བ་དང་གྱོན་ཆས། ལྷམ་དང་ཞྭ་མོ། གསེར་དངུལ་རྒྱན་ཆ་སོགས་ཚོང་རྫས་ཕྱིར་འཚོང་བྱེད་ཚད་དེ་ལོ་སྔོན་མའི་དུས་མཉམ་གྱི28.32%དང་197.29%། 167%། 12.43%། 143.96%། 30.57%བཅས་འཕར་ཡོད། དུས་མཚུངས་སུ། དྲ་ཐོག་དང་ཡུལ་དངོས་གཉིས་ནས་བྱ་འགུལ་སྣ་ཚོགས་སྤེལ་ཏེ་ཕྱིར་ཚོང་ལ་སྐུལ་འདེད་བཏང་། ཟླ1པའི་ཚེས20ཉིན། ཞིང་ཆེན་ཚོང་དོན་ཐིང་གིས་འབྲེལ་ཡོད་སྡེ་ཁག་དང་མཉམ་འབྲེལ་སྒོས་རྒྱལ་ཁབ་ཕྱི་ནང་གི་ཕྱོགས་གསུམ་པའི་སྟེགས་བུ་དང་། ཞིང་ཆེན་ནང་ཁུལ་གྱི་ཚོང་དོན་སྟེགས་བུ། དེ་མིན་གཙོ་གནད་སྒོ་རྩིས་ཚོང་ཁང་དང་། དངོས་ཟོང་སྣ་མང་ཚོང་ར་སོགས་སུ“མཚོ་སྔོན་ཞིང་ཆེན་གྱི2021ལོའི་དྲ་ཐོག་ཚོང་རྫས་དུས་ཆེན”དང་“ལོ་སར་བསུ་བ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་སྤྱོད་བྱ་འགུལ”སྤེལ།

དེ་ལས་གཞན། དྲ་ཐོག་ཕྱིར་འཚོང་གི་དགུ་ཐུག་ཐོ་འགོད་བྱེད་མཁན་ཤིན་ཏུ་མང་ཞིང་། བཟའ་བཏུང་ལས་རིགས་ཀྱི་ཕྱིར་འཚོང་ཚད་མཐོན་པོས་འཕར་སྣོན་བྱུང་ཡོད། ལྟ་སྐུལ་ཚད་ལེན་བྱས་པ་ལྟར་ན། གཙོ་གནད་བཟའ་བཏུང་ཁེ་ལས15ཡིས་དུས་ཆེན་སྐབས་ཀྱི་ཚོང་གཉེར་ཡོང་སྒོ་སྒོར་ཁྲི532.92མངོན་འགྱུར་བྱུང་བ་དང་། དུས་མཉམ་ལས118.4%འཕར། ། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།