མཚོ་སྔོན་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་གནས་བབ་བརྟན་ལྷིང་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས18ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ལོ་གསར་དུས་ཆེན་གྱི་གུང་གསེང་རིང་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་མེ་ཟོན་བདེ་འཇགས་ཀྱི་གནས་བབས་སྤྱིའི་ཆ་ནས་བརྟན་ལྷིང་རེད།

ལོ་གསར་དུས་ཆེན་གྱི་གུང་གསེང་རིང་། རང་སྡོད་སའི་ས་གནས་སུ་ལོ་སར་རོལ་བའི་མང་ཚོགས་ཇེ་མང་དུ་སོང་བ་དང་། མེ་སྐྱོན་སྔོན་འགོག་ཚོད་འཛིན་གྱི་གནོན་ཤུགས་གཙོ་བོ་ཟི་ལིང་གྲོང་ཁྱེར་གྱི་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་དང་། ཚོང་ཁང་། ཁྲོམ་ར། གློག་བརྙན་ཟློས་གར་ཁང་སོགས་མི་མང་འཚོགས་སའི་ས་ཁོངས་ཡིན་པས། མེ་ཟོན་བདེ་འཇགས་དོ་དམ་ཚོད་འཛིན་གྱི་དཀའ་གནད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་མཚོ་སྔོན་ཞིང་ཆེན་དུ་རིག་དངོས་དང་གནའ་བོའི་འཛུགས་སྐྲུན་མང་བ་དང་། རོང་འབྲོག་ཁུལ་དུ་མེ་སྤྱོད་གློག་སྤྱོད་ཚད་ཇེ་མང་དུ་ཕྱིན་པས་མེ་ཟོན་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་ལ་སྣང་ཆུང་བྱེད་མི་རུང་།

མཚོ་སྔོན་ཞིང་ཆེན་གྱི་ས་གནས་ཁག་གི་མེ་ཟོན་རོགས་སྐྱོབ་སྡེ་ཚན་གྱིས་མེ་ཟོན་བདེ་འཇགས་ཀྱི་གནས་བབ་ལ་དབྱེ་ཞིབ་དང་ཞིབ་འཇུག་བྱས་ནས། གཙོ་གནད་ཁུལ་དང་སེམས་ཁྲལ་བྱེད་པའི་སྡེ་ཁག་ཏུ་བསྐྱོད་དེ་མེ་ཟོན་བདེ་འཇགས་ལ་ཞིབ་བཤེར་བྱས་པ་དང་། ཡུལ་སྐོར་བྱ་ཡུལ་དང་འབར་གས་སླ་བ་སོགས་ཉེན་ཁ་ཆེ་བའི་སྡེ་ཁག གཞིས་ཁུལ་རྙིང་པ། ཚོགས་ར་ཆུང་གྲས་སོགས་ལ་དམ་པོར་དམིགས་ནས་འབྲེལ་ཡོད་ལས་རིགས་སྡེ་ཚན་དང་མཉམ་འབྲེལ་བྱས་ཏེ་མེ་ཟོན་གྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་དང་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་བ་རེད།

དུས་ཚིགས་བརྗེ་བའི་དུས་ཀྱི་ནགས་ཚལ་དང་རྩྭ་ཐང་ལ་མེ་སྐྱོན་འབྱུང་སླ་བའི་དོན་དངོས་ལ་དམིགས་ནས། མཚོ་སྔོན་མེ་ཟོན་གྱིས་ཁྱོན་ཡོངས་ནས་བརྡར་ཤ་གཅོད་པ་དང་ཉེན་ཟོན་སྔོན་བརྡ་བཏང་སྟེ་ཚོང་ལས་ཁུལ་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། བཟོ་ལས་གླིང་ཁུལ་སོགས་གཙོ་གནད་ས་ཁུལ་དུ་གནས་སྐབས་ཀྱི་མེ་ཟོན་ལས་སྒྲུབ་ས་ཚིགས26བཙུགས་ནས་མེ་གསོད་རླངས་འཁོར35དང་བཀོད་འཐབ་པ289ལ་དུས་མགོའི་གྲ་སྒྲིག་དང་སྐོར་སྐྱོད་སྐོར་གཡེང་བྱས་ནས། “ཉེན་བརྡ་གཅིག་དང་དྲན་སྐུལ་གཅིག”གི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ་འཕྲལ་ཏུ་ཚན་རིག་དང་མཐུན་ལ་བདེ་འཇགས་དང་ཕན་འབྲས་ཐོན་པའི་ངང་ཐག་གཅོད་ཐུབ་པའི་ཁག་ཐེག་བྱས་པ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།