ལོ་སར་སྐབས་སུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་གནས་ཚུལ་སྤྱིའི་ཆ་ནས་བརྟན་བརླིང་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་སར་སྐབས་སུ་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ས་གནས་ཁག་དང་སྡེ་ཁག་སོ་སོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། དེ་བཞིན་འཕྲལ་བསྟུན་དོ་དམ་པུའུ་ཡིས་ལས་རེས་བརྟན་སྲུང་ལས་དོན་སྐོར་གྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་བསྣན་པ། ཞིབ་བཤེར་ལྟ་སྐུལ་ལ་ཤུགས་བསྣན་པ། མགོ་ཁྲིད་ལས་བྱེད་པས་ལས་གནས་སྟེང་ལས་སྣེ་ཁྲིད་པ་དང་ཆུ་ཚོད24ཡི་རིང་ལས་རེས་བརྟན་སྲུང་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ། འཕྲལ་བསྟུན་སྔོན་འགོག་དང་ལས་རེས་བརྟན་སྲུང་གི་ལས་དོན་ནན་ཏན་གྱིས་བསྒྲུབས་པ་བཅས་བྱས་པས། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་རང་བྱུང་གནོད་འཚེའི་གནས་ཚུལ་སྤྱིའི་ཆ་ནས་བརྟན་བརླིང་ཡིན།

ཞིང་ཆེན་འཕྲལ་བསྟན་དོ་དམ་ཐིང་གིས་ལོ་སར་སྐབས་ཀྱི་འཕྲལ་བསྟུན་ལས་རེས་བརྟན་སྲུང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་འབྲེལ་ཡོད་བླང་བྱ་གཞིར་བཟུང་སྔོན་ལ་འཆར་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱས་ནས་སྔོན་ཚུད་ཉེན་བརྡའི་ཆ་འཕྲིན་ཡོངས་བསྒྲགས་བྱས། དུས་ཆེན་གྱི་སྔོན་དུ་ཞིང་ཆེན་ཡོངས་ཀྱི་འཕྲལ་བསྟུན་དོ་དམ་མ་ལག་གི་བརྙན་ལམ་བཀོད་གཏོང་དང་སྡོད་བྱའི་ལས་རེས་ལས་སྒོའི་གསོ་སྦྱོང་ཚོགས་འདུ་འཚོགས་པ་དང་འབྲེལ་གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཆེད་དོན་ཞིབ་བཤེར་བྱེད་པའི་བརྡ་ཐོ་ཡང་བཏང་སྟེ། ལོ་སར་སྐབས་ཀྱི་འཕྲལ་བསྟུན་ལས་རེས་དང་བདེ་འཇགས་འགན་ལེན་ལས་དོན་བཟང་པོ་བསྒྲུབ་པའི་ཐད་ཞིབ་ཕྲའི་བཀོད་སྒྲིག་བྱས། དུས་ཆེན་གྱི་སྐབས་ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིང་གི་མགོ་ཁྲིད་ཉིན་ལྟར་འཕྲལ་བསྟུན་དོ་དམ་པུའུ་ཡིས་ཚོགས་པའི་བརྙན་ལམ་བཀོད་གཏོང་ཚོགས་འདུར་ཞུགས་རྒྱུ་དང་འབྲེལ་གྲོང་ཁྱེར་དང་ཁུལ་སོ་སོའི་ལས་རེས་བརྟན་སྲུང་གནས་ཚུལ་ལ་བརྙན་ལམ་ཐོག་ནས་འཐེན་བཤེར་བྱས་པ་རེད། གྲོང་ཁྱེར་དང་ཁུལ་སོ་སོའི་འཕྲལ་བསྟུན་དོ་དམ་ཅུས་ཀྱིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་དམིགས་ཡུལ་ཡོད་པའི་སྒོ་ནས་ཁོངས་གཏོགས་ཁུལ་གྱི་ཉེན་ཡོད་རྫས་འགྱུར་དངོས་རྫས་ཐོན་སྐྱེད་གཉེར་སྐྱོང་ལས་ཁུངས་དང་། གཏེར་རི། བཟོ་ཚོང་བདེ་འཇགས་ཐོན་སྐྱེད། མི་སྣ་འདུ་འཛོམས་ཆེ་གནས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་སོགས་ཀྱི་ལས་དོན་ལ་ཡུལ་དངོས་སུ་ཞིབ་བཤེར་བྱས་ནས་ལོ་སར་དུས་ཆེན་སྐབས་ཐོན་སྐྱེད་བདེ་འཇགས་ཐད་ལས་འཛོལ་བྱུང་བར་ནུས་པ་ལྡན་པའི་དོགས་ཟོན་བྱས་པ་རེད།

ཞིང་ཆེན་ཡོངས་ཀྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ལས་སྒྲུབ་དམག་གྲབས་ནན་ཏན་གྱིས་སྤྱི་ཚོགས་ཀྱི་ལས་ཁུངས398ལ་མེ་ཟོན་བདེ་འཇགས་ཞིབ་བཤེར་བྱས་ནས་མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཁག605བཅོས་སྒྲིག་བྱེད་དགོས་པར་ལྟ་སྐུལ་བྱས། ཉེན་ཟོན་སྙན་ཞུ་ཁག156ཞུས་པ་དང་དེའི་ནང་མེ་སྐྱོན་མེ་གསོད་བྱས་པ135ཟིན་པ་དང་། ཉེན་སེལ་རོགས་སྐྱོབ་ཐེངས21བྱས་ཡོད། ས་གནས་ཁག་གི་སྤྱི་བདེ་འགྲིམ་འགྲུལ་དོ་དམ་སྡེ་ཁག་གིས་སྒྲིག་སྲོལ་དང་སྒྲིག་འགལ1101ཞིབ་བཤེར་ཐག་གཅོད་བྱས་པས་གཞུང་ལམ་ཤར་གཏོང་ཐུབ་པར་ནུས་པ་ལྡན་པའི་འགན་ལེན་བྱས་པ་དང་། ཞིང་ཆེན་ས་ཡོམ་ཅུས་ཀྱིས་ས་ཡོམ་ལྟ་ཞིབ་ཚད་ལེན་ལ་ཤུགས་བསྣན་ཏེ་ཞིང་ཆེན་ཡོངས་ཀྱི་ས་ཡོམ་གནས་ཚུལ་ལྟ་ཞིབ་རྗེས་སྙེག་དང་དབྱེ་ཞིབ་ཞིབ་འཇུག་ལས་དོན་ནན་ཏན་ངང་སྤེལ་བ་དང་། ཞིང་ཆེན་གནམ་གཤིས་ཅུས་ཀྱིས་གནམ་གཤིས་འགྱུར་ལྡོག་ལ་དོ་སྣང་ཆེན་པོ་བྱས་ནས་སྔོན་བརྡ་དང་ཉེན་ཟོན་ཉེན་བརྡའི་ཆ་འཕྲིན་དུས་ཐོག་ཏུ་ཁྱབ་བསྒྲགས་བྱས་པ་རེད།

དུས་ཆེན་སྐབས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ནགས་ལས་ཕྱུགས་ལས་ཉ་ལས་དང་། གཏེར་འདོན་ལས་རིགས། ཚོང་དོན་བཟོ་སྐྲུན་ལས་རིགས། ཨར་སྐྲུན་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན་དང་མཛོད་འཇུག་ལས་རིགས། མི་སྣ་འདུས་སྡོད་ཆེ་བའི་ས་ཁུལ་བཅས་དང་ཡུལ་སྐོར་དང་། ཆུ་མཁོ་འདོན། གློག  སོལ་རླངས། དྲོད་སོགས་ལས་རིགས་ཚང་མར་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་བྱུང་མེད་ལ། རང་བྱུང་གནོད་འཚེའི་གནས་ཚུལ་བརྟན་བརླིང་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།