ཞིན་ཁྲང་ཞིང་གིས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་སུ་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་སུ་རྟོག་ཞིབ་དུ་ཕེབས། ཁོང་གིས་ནན་གྱིས་བསྟན་དོན།  ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དང་། “ཆེས་ཆེ་བ་གསུམ”གྱི་ཞིང་ཆེན་གནས་ཚུལ་ཁོང་དུ་ཆུད་པར་བྱས་ནས། མགོ་རྩོམ་ས་གསར་བ་ནས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དང་དོ་དམ་ལེགས་པོ་བྱེད་དགོས། 

ཞིན་ཁྲང་ཞིང་གིས་སྐྱེ་ཁམས་འགྲེམ་སྟོན་ལྟེ་གནས་སུ་སྐོར་ཞིབ་བྱས་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཆེད་དོན་བརྙན་རིས་དང་། ཨ་ཆེན་གངས་རྒྱབ་ལྟ་ཞིབ་ཚད་ལེན་གྱི་དངོས་ཡོད་བརྙན་རིས་ལ་བལྟས་ཤིང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་དང་། སྐྱེ་ཁམས་གཞི་གྲངས་ཆེན་མོའི་ལྟེ་གནས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཉན། ཁོས་བསྟན་དོན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་འཛུགས་སྐྲུན་བྱས་པའི་རིང་ལ། ཀྲུང་དབྱང་གི་མཆན་བཀོད་ཚོད་ལྟའི་བྱེེད་ཐབས་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་ལྟར། དཀའ་སྤྱད་འབད་བརྩོན་དང་འཚོལ་ཞིབ་གསར་གཏོད་ཁྲོད། སྒྲིག་གཞི་ཚོད་ལྟའི་ལས་འགན་སོ་སོ་བདེ་བླག་ངང་ལེགས་འགྲུབ་བྱས་ནས། གྲུབ་འབྲས་དང་སྒྲིག་གཞི། དེ་མིན་ལག་ལེན་གྱི་གྲུབ་འབྲས་བཅས་མི་དམན་པ་བླངས་ཏེ། ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ཧུར་ཐག་གི་བྱས་རྗེས་བཞག་ཡོད་ཅེས་བསྟན། 

ཁོས་ནན་གྱིས་བསྟན་དོན། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་སྒྲིག་གཞི་ཚོད་ལྟ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་དེ་མཚོ་སྔོན་དུ་ལག་ལེན་རླབས་ཆེན་བྱེད་པ་དང་། དོན་སྙིང་ཆེན་པོ་ལྡན་ཞིང་། ལས་འགན་གཟི་བརྗིད་ཆེ། མཐའ་གཅིག་ཏུ་ལངས་ཕྱོགས་མཐོན་པོ་དང་། འགན་འཁྲི་ཤུགས་དྲག་གིས། ཁྱོན་ཡོངས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས་སྐབས་དང་པོར་ཕུལ་བའི་ཤིས་ཚིག་དགོངས་དོན་དོན་འཁྱོལ་བྱེད་པ་དང་། ཧུར་ཐག་གི་བྱེད་སྟངས་དང་བྱ་སྤྱོད་ཀྱིས“གཙང་གསུམ་འབྱུང་ཡུལ”དང་། “ཀྲུང་ཧྭའི་ཆུ་མཛོད”སྲུང་སྐྱོང་ལེགས་པོ་བྱེད་དགོས། རང་འགུལ་གྱིས་འབྲེལ་འདྲིས་བྱེད་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་བྱ་བར་མཐུན་འགྲིག་བཟང་བོ་བྱས་ཏེ། འབྲེལ་ཡོད་ཉམས་མྱོང་ཁྱབ་གདལ་དང་སྤྱི་བསྡོམས་བྱས་ནས། སྒྲིག་གཞི་ཚོད་ལྟའི་གྲུབ་འབྲས་སྲ་བརྟན་དང་། རང་བྱུང་སྐྱེ་ཁམས་མ་ལག་གི་བདེན་དངོས་རང་བཞིན་དང་འཐུས་ཚང་རང་བཞིན་རྒྱུན་འཁྱོངས་བྱེད་པ་དང་། སྐྱེ་དངོས་སྣ་མང་ཅན་ལ་སྲུང་སྐྱོང་བྱས་ཏེ། རྗེས་རབས་པར་རང་བྱུང་ཐོན་ཁུངས་རྩ་ཆེན་སོར་འཇོག་བྱེད་དགོས། མ་ལག་འདུ་ཤེས་ཆགས་སུ་འཇུག་པ་དང་། སྐྱེ་ཁམས་སྲུང་སྐྱོབ་ཤུགས་དྲག་ཏུ་བཏང་ནས། རང་བྱུང་ཁམས་ལ་བརྩི་མཐོང་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོབ་བྱས་ནས། རི་ཆུ་ནགས་གསུམ་དང་རྩྭ་ས་དང་བྱེ་འགོག་ཕྱོགས་བསྡུས་ལེགས་བཅོས་དང་། མགོ་ཁུངས་ལེགས་བཅོས་བྱས་ནས། གཙང་གསུམ་འབྱུང་ཡུལ་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་དུས་རིམ་གསུམ་པའི་བཟོ་སྐྲུན་མགོ་བརྩམས་ཏེ། འབྲི་ཆུའི་ལོ་ངོ་བཅུའི་རིང་གི་ཉ་བཟུང་མི་ཆོག་པ་དོན་འཁྱོལ་དང་། མཚེའུ་དང་ཆུ་བོའི་ཆུ་དཔོན་ལམ་ལུགས་ལ་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་ནགས་དཔོན་ལམ་ལུགས་ལ་སྐུལ་འདེད་དང་། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ལྕགས་རི་སྲ་བརྟན་དུ་གཏོང་དགོས། སྔར་ལས་ལྷག་པའི་སྒོ་ནས་བརྗེ་རེས་མཉམ་ལས་ལ་ཤུགས་བསྣོན་དང་། ཕན་ཁེ་ལྡན་པའི་ཉམས་མྱོང་གཡར་ནས། འཆར་འགོད་དང་རྒྱལ་ཁབ་སྤྱི་གླིང་གླེང་སྟེགས། དེ་མིན་ཟླ་དྲུག་པའི་ཚེས་ལྔའི་ཁོར་ཡུག་ཉིན་མོའི་བརྗོད་དོན་བྱ་འགུལ་སོགས་དོན་འཁྱོལ་བྱེད་པ་དང་། ལག་རྡང་མཉམ་སྦྲེལ་གྱིས་སྐྱེ་ཁམས་གསར་སྐྲུན་དང་།ཁོར་ཡུག་མཉམ་བཅོས། གྲུབ་འབྲས་མཉམ་སྤྱོད་ཀྱི་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཞེས་བསྟན། 

ལིའུ་ཐའོ་ཡང་མཉམ་དུ་རྟོག་ཞིབ་ལ་ཞུགས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།