ཝང་ཅན་ཅུན་གྱིས་ཧུའུ་ཀྲུའུ་རྫོང་པན་ཡན་སྡེ་བར་རྟོག་ཞིབ་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2016ལོའི་ཟླ8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས། ཆར་བ་གདོང་གིས་བསུས་ཏེ་ཆེད་དུ་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུའུ་ཧྲི་གྲོང་རྡལ་གྱི་འཛུགས་སྐྲུན་བྱེད་བཞིན་པའི་པན་ཡན་སྡེ་བར་ཕེབས་ཤིང་། ཡུལ་གཞན་གནས་སྤོའི་དབུལ་སྐྱོར་བྱ་བར་རྟོག་ཞིབ་མཛད་པ་དང་། ཡུལ་མི་སྤུན་ཟླ་ཚོས་གནས་སྤོར་བརྒྱུད་དེ་བདེ་སྐྱིད་ཀྱི་འཚོ་བ་རོལ་བར་སྐུལ་མ་གནང་། 2019ལོའི་ཟླ9པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རི་ཁུལ་ནས་གནས་སྤོར་བ་དང་། དབུལ་ཕོངས་ཀྱི་ཞྭ་མོ་ཕུད་ཟིན་པའི་ཡུལ་མི་སྤུན་ཟླ་ཚོས་མདུན་སྐྱོད་ཀྱི་གོམ་སྟབས་མི་ལྷོད་པར་ལས་ལ་འབད་དེ། སྡེ་བའི་འཛུགས་སྐྲུན་སྔར་ལས་ཇེ་ཡག་ཇེ་མཛེས་དང་། འཚོ་བ་སྔར་ལས་ཇེ་སྐྱིད་ཇེ་བཟང་དུ་གཏོང་བ་ཡང་བསྐྱར་རྟིང་སྐུལ་མཛད། ལོ་ལྔའི་རིང་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་ཡང་པན་ཡན་སྡེ་བར་ཐེངས་འགར་ཕེབས་ཏེ། སྡེ་མི་རྣམས་དང་ལྷན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ནན་མོར་བསྐྱར་དྲན་བྱས་ཤིང་། འདས་ཟིན་དྲན་པ་དང་། འགྱུར་ལྡོག་ལ་བལྟ་བ། བཀའ་དྲིན་མོལ་བ། འཕེལ་རྒྱས་གླེང་བ་བཅས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་བཏང་བ་དང་། གྲོང་གསེབ་དར་རྒྱས་འཐབ་ཇུས་ཀྱི་ལག་བསྟར་ལ་སྐུལ་འདེད་བྱས། 

ལོ་སར་རྗེས་ཀྱི་ལས་ཞུགས་ཉིན་དང་པོར། ཝང་ཅན་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བརྩེ་བ་དང་དྲན་ཤིང་འཁྱེར་ནས། ཞོགས་པའི་ཉི་གཞོན་དང་མཉམ་དུ་ཡང་བསྐྱར་པན་ཡན་སྡེ་བར་ཕེབས། མཐོན་པོར་དཔྱངས་པའི་གློག་ཞུ་དམར་པོ་དང་། རླུང་བུའི་འགྲོས་དང་བསྟུན་ནས་བསྐྱོད་པའི་སྐར་ལྔའི་དར་དམར། ཁྱིམ་ཚང་སོ་སོའི་སྒོ་འགྲམ་གྱི་ཆ་ཡིག་སྦྱར་ཤོག་སོགས་ཀྱིས་ག་ས་གང་དུ་ལོ་སར་གྱི་རྣམ་པ་མངོན་པར་མཚོན་ཡོད། ཝང་ཅན་ཅུན་གྱིས་ཡུལ་མི་རྣམས་ཀྱི་ལག་པར་འཇུས་ནས། ཁོ་ཚོ་ལ་ལོ་སར་གྱི་འཚམས་འདྲི་དང་། གནམ་ལོ་གསར་པའི་བཀྲ་ཤིས་སྨོན་འདུན་ཞུས། དྲིལ་སྒྲོག་འགྲེམ་པང་གི་མདུན་དུ་བསྡད་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པན་ཡན་སྡེ་བར་གཟིགས་ཞིབ་གནང་ནས་ལོ་ལྔའི་རིང་གི་འཕེལ་རྒྱས་འགྱུར་ལྡོག་གི་སྙན་ཞུར་ནན་ཏན་གྱིས་གསན། མཚོ་སྔོན་གཙགས་དྲུབ་ཐོན་ལས་སྣེ་ཁྲིད་པའམ་ཞིང་ཆེན་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་རྒྱུན་འཛིན་པ་ཀྲང་སྒྲོལ་མ་སྐྱིད་ཀྱི་ཁྱིམ་དུ་ཕེབས་ཏེ་འཚམས་འདྲི་གནང་བ་དང་། ཁོ་མོས་མང་ཚོགས་མང་པོ་སྐུལ་ཁྲིད་ཀྱིས་མཛེས་སྡུག་གི་འཚོ་བ་གསར་སྐྲུན་བྱེད་རྒྱུར་སྐུལ་མ་གནང་། 

ཝང་ཅན་ཅུན་པན་ཡན་སྡེ་བའི་དམངས་ཕན་ཞབས་ཞུ་ལྟེ་གནས་སུ་ཕེབས་ཏེ། སྡེ་བའི་ལོ་རྒྱུས་ཁང་ལ་གཟིགས་ཞིབ་གནང་བ་དང་། དམངས་ཕན་ཞབས་ཞུ་བྱ་བ་སྤེལ་བའི་གནས་ཚུལ་ལ་ཤེས་རྟོགས་གནང་། གྲོང་ཁྱེར་དང་། རྫོང་། གྲོང་རྡལ། སྡེ་བ་བཅས་ཀྱི་ལས་བྱེད་པ་དང་སྡེ་མི་ཚོ་དང་མཉམ་དུ་བསྡད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟིགས་ཞིབ་གནང་བའི་བདེ་སྐྱིད་ཀྱི་གནས་སྐབས་དེ་བསྐྱར་དྲན་བྱས་པ་དང་། མང་ཚོགས་ཀྱི་རེ་འདུན་ཞིབ་ཏུ་གསན་ཅིང་། སྡེ་བ་གསར་པའི་མ་འོངས་པའི་འཕེལ་རྒྱས་ལ་མཉམ་དུ་གྲོས་མོལ་བྱས། ཝང་ཅན་ཅུན་གྱིས་གསུང་དོན། རང་ཡུལ་གྱི་བུ་ཕྲུག་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྙིང་ཉེ་བའི་བརྩེ་སེམས་འོག དྲིན་ཤེས་པ་དང་དྲིན་གཟོ་བ། དབུལ་ཕོངས་སེལ་བ། ངལ་རྩོལ་ལ་དགའ་བ། གསར་གཏོད་ཕོད་པ། བསམ་བློ་བརྗེ་བ། ཡུལ་སྲོལ་སྒྱུར་བ། མཐུན་སྒྲིལ་འབད་འཐབ། འཆམ་མཐུན་མཉམ་གནས་བཅས་ཀྱིས་ལོ་རྒྱུས་དེབ་ཐེར་དུ་འགོད་འོས་པའི་རི་ལུང་གི་འགྱུར་ལྡོག་ཆེན་མོ་གསར་དུ་བསྐྲུན། འདི་ནི་ཧུའུ་ཀྲུའུ་རྫོང་དང་། མཚོ་ཤར་གྲོང་ཁྱེར་མ་ཟད། ཞིང་ཆེན་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་བསྡུས་གཟིགས་ཤིག་ཡིན། དྲིན་གཟོ་ཤེས་པའི་མི་རིགས་ནི་ཆེས་རེ་བ་ཡོད་པའི་མི་རིགས་ཤིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཀྲུང་གོ་གུང་ཁྲན་ཏང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་ལ་དྲིན་གཟོ་དགོས་ཞེས་གསུངས། 

ཝང་ཅན་ཅུན་གྱིས་གསུང་དོན། ད་ལོ་ནི“ལོ་ལྔའི་འཆར་འགོད་བཅུ་བཞི་པ”མགོ་རྩོམ་པའི་ལོ་ཡིན་ལ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་ཕན་ནུས་ལྡན་པའི་སྒོ་ནས་སྦྲེལ་མཐུད་བྱེད་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན། གྲོང་གསེབ་དར་རྒྱས་ལ་སྡེ་མི་ནི་གཙོ་གཞི་ཡིན་པ་དང་། འཆར་འགོད་ནི་སྣེ་ཁྲིད་ཡིན། མིག་སྔར་ལ་རྐང་བཙུགས་ཏེ། རྒྱང་རིང་ལ་དམིགས་དགོས་པ་དང་། སྡེ་མི་དང་མཉམ་གྲོས་བྱས་ནས་ཚང་མ་རྩ་འཛུགས་བྱེད་པ། དངོས་ཡོད་ནས་མགོ་འཛུགས་པ་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་དགོས་ཤིང་། བསམ་ཚུལ་ཡོད་ལ་བྱེད་ཐབས་ཀྱང་ཡོད་ན་ད་གཟོད་བརྟན་པོར་སྐྱོད་དེ་རྒྱང་རིང་ལ་བསླེབ་སྲིད། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་ཡིན་པས། ཏང་གི་ལོ་རྒྱུས་སློབ་སྦྱོང་གི་སློབ་གསོ་དང་། འཚམས་འདྲི་གཟེངས་བསྟོད། མང་ཚོགས་ལ་དངོས་དོན་སྒྲུབ་པ་སོགས་བརྒྱུད་དེ། རིགས་སོ་སོའི་མི་དམངས་རྣམས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་པོ་སྒོས། དུས་གཏན་དུ་ཏང་གི་ཁར་ཉན་པ་དང་། ཏང་གི་དྲིན་གཟོ་བ། ཏང་གི་རྗེས་སུ་འབྲངས་ཏེ་དོན་དམ་པའི་འགུལ་སྐྱོད་ལ་བརྟེན་ནས་དུས་རབས་གསར་པའི་འབད་བརྩོན་དང་མདུན་བསྐྱོད་ཀྱིི་གླུ་དབྱངས་ལེན་དགོས་ཞེས་གསུངས། 

ཡུས་ཚུང་ལི་དང་། ཉའོ་ཁྲིན་ཡུང་། མཱ་ཧྥིན་ཧྲིན་བཅས་ཀྱང་རྟོག་ཞིབ་ལ་ཕེབས་ཡོད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།