མཚོ་སྔོན་གྱི་ཞིང་པ་ཞོར་ལས་པའི་ཐུན་མོང་གཉིས་དང་ཞིང་པ་ཞོར་ལས་པ་ལྔ་ལ་རྒྱལ་ཁབ་ཀྱི་གཟེངས་བསྟོད་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་པ་ཞོར་ལས་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་རྒྱལ་ཡོངས་ཀྱི་ཕུལ་བྱུང་བའི་ཞིང་པ་ཞོར་ལས་པ་དང་ཞིང་པ་ཞོར་ལས་པའི་སྔོན་ཐོན་ཐུན་མོང་ལ་གཟེངས་བསྟོད་བྱེད་པའི་བརྙན་རིས་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་ཀྱི་ཞིང་པ་ཞོར་ལས་པའི་བྱ་བའི་སྔོན་ཐོན་ཐུན་མོང་དང་ཕུལ་བྱུང་ཞིང་པ་ཞོར་ལས་པར་གཟེངས་བསྟོད་བྱས། དེའི་ནང་དུ། རང་ཞིང་གིས་འོས་སྦྱོར་བྱས་པའི་ཞིང་པ་ཞོར་ལས་པའི་བྱ་བའི་ཐུན་མོང་གཉིས་དང་ཞིང་པ་ཞོར་ལས་པ་ལྔ་ལ་སོ་སོར་རྒྱལ་ཡོངས་ཀྱི་ཞིང་པ་ཞོར་ལས་པའི་བྱ་བའི་སྔོན་ཐོན་ཐུན་མོང་དང་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཞིང་པ་ཞོར་ལས་པའི་མཚན་སྙན་ཐོབ།

རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཡོངས་ཀྱི་ཞིང་པ་ཞོར་ལས་པའི་བྱ་བའི་སྔོན་ཐོན་ཐུན་མོང་དང་ཕུལ་བྱུང་ཞིང་པ་ཞོར་ལས་པ་དཔྱད་འདེམ་འོས་སྦྱོར་བྱ་བ་བཟང་བོར་སྒྲུབ་ཆེད། ཞིང་ཆེན་ལས་ཞུགས་ཡར་སྐུལ་བྱ་བའི་ཆེད་དོན་ཚན་ཁག་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཞིང་པ་ཞོར་ལས་པའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བྱ་བའི་བཀོད་སྒྲིག་གཞིར་བཟུང་ནས། ས་ཆ་སོ་སོའི་ལས་ཞུགས་ཡར་སྐུལ་བྱ་བའི་གྲོས་དོན་མཐུན་སྦྱོར་ལས་ཁུངས་དང་ཆེད་དོན་ཚན་ཁག་གི་ཁོངས་ཞུགས་ལས་ཁུངས་སོ་སོས་དཔྱད་འདེམ་བྱ་འགུལ་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བར་ཧུར་ཐག་གིས་སྐུལ་འདེད་བྱས་པ་དང་། བྱ་འགུལ་སྤེལ་སྐབས་ས་ཁོངས་དོ་དམ་གྱི་དབང་ཚད་ལྟར། འོག་ནས་གོང་བར་དུ་འོས་སྦྱོར་དཔྱད་འདེམ་བྱས་ལ། འོས་སྦྱོར་དཔྱད་འདེམ་བྱས་པའི་ཕུལ་བྱུང་ཞིང་པ་ཞོར་ལས་པར་ས་ཁོངས་སྒྲིག་ཨུ་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། སྤྱི་བདེ་ལས་ཁུངས་ཀྱི་བསམ་འཆར་བསྡུ་ལེན་བྱས་ཤིང་། འོས་སྦྱོར་དཔྱད་འདེམ་བྱས་པའི་ཁེ་ལས་ལ་ས་ཁོངས་ཁྲལ་དོན་སྡེ་ཁག་གི་བསམ་འཆར་བསྡུ་ལེན་བྱས་པ་དང་མཉམ་དུ། ཡིད་རྟོན་ཞིབ་བཤེར་དང་ཁྱབ་བསྒྲགས་བྱས།

ཞིང་པ་ཞོར་ལས་པའི་བྱ་བ་བཟང་བོར་སྒྲུབ་པ་དེ་ལས་ཞུགས་ཀྱི་གནས་བབ་གཏན་འཇགས་སུ་གཏོང་བ་དང་། ཞིང་པའི་ཡོང་སྒོ་ཇེ་མང་དུ་གཏོང་བ། ཞང་སྡེ་དར་སྤེལ་ལ་ཡར་སྐུལ་བྱེད་པ། རྣམ་པ་གསར་པའི་མཁར་གྲོང་ཅན་སྐུལ་སྤེལ་བྱེད་པ་བཅས་ལ་དོན་སྙིང་ཧ་ཅང་གལ་ཆེན་ལྡན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་ཏང་ཀྲུང་དབྱང་གི་ཞིང་པ་ཞོར་ལས་པའི་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་ལག་བསྟར་དོན་འཁྱོལ་ནན་མོ་བྱས་ཏེ། བྱ་བ་སྒྲུབ་ཤུགས་སྔར་ལས་ཇེ་ཆེར་བཏང་སྟེ་ཞིང་པ་ཞོར་ལས་པའི་་ལས་ཞུགས་ལས་སྐྲུན་ལ་རྒྱབ་སྐྱོར་བྱས་པ་དང་། ཞིང་པ་ཞོར་ལས་པའི་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཤུགས་བསྣན་ཞིང་། ཞབས་ཞུ་འགན་སྲུང་གི་ཆུ་ཚད་ཇེ་མཐོར་བཏང་། སྡོམ་རྩིས་བྱས་པ་ལྟར་ན། ལོ་ལྔའི་འཆར་འགོད་བཅུ་གསུམ་པའི་ཚུན་ལ། རང་ཞིང་གིས་ལོ་རེར་ཞོར་ལས་ལ་མངགས་པའི་ཞིང་པ་ཞོར་ལས་པ་མི་ཐེངས་ས་ཡ་གཅིག་དང་འབུམ་གཅིག་ལ་བསླེབས་པ་དང་། ལོ་རེའི་ཡོང་སྒོ་སྒོར་ཐེར་ཆེན་གཅིག་གི་ཡན་ལ་བསླེབས་ནས། རང་ཞིང་གིས་དབུལ་ཐར་མཁྲེགས་གཏོར་ལ་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱས་ཏེ་འགྲུབ་པར་བྱེད་པར་བྱས་རྗེས་བཟང་བོ་བཞག །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།