མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཡིག་བསྐུར་ངོ་གཏུགས་ཅུས་ཀྱི་ཅུས་ཀྲང་ཚོགས་འདུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས5ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཡིག་བསྐུར་ངོ་གཏུགས་ཅུས་ཀྱི་ཅུས་ཀྲང་ཚོགས་འདུས་བརྙན་རིས་ཀྱི་རྣམ་པས་ཟི་ལིང་དུ་ཚོགས་འདུ་བསྡུས། ཚོགས་འདུས་2020ལོའི་ཡིག་བསྐུར་ངོ་གཏུགས་བྱ་བར་སྤྱི་བསྡོམས་བྱས་པ་དང་། དེང་སྐབས་ཀྱི་གནས་ཚུལ་ལ་དབྱེ་ཞིབ་དང་ད་ལོའི་བྱ་བར་བཀོད་སྒྲིག་བྱས། ཚོགས་འདུའི་སྔོན་དུ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གཉིས་ཀྱིས་སོ་སོར་ཡིག་བསྐུར་ངོ་གཏུགས་བྱ་བར་བླང་བྱ་བཏོན། 

ཝང་ཅན་ཅུན་གྱིས་བསྟན་དོན། ཡིག་བསྐུར་ངོ་གཏུགས་བྱ་བ་ནི་སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློ་མངོན་པ་དང་། ཏང་དང་མང་ཚོགས་ཀྱི་སྦྲེལ་ཟམ་ལྟ་བུ་ཡིན། འདས་པའི་ལོ་ངོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་ཡིག་བསྐུར་ངོ་གཏུགས་སྡེ་ཁག་གིས་རིམས་ནད་འགོག་བཅོས་ཚོད་འཛིན་དང་དབུལ་ཐར་མཁྲེགས་གཏོར། ཉེན་ཁ་ཞི་འཇགས། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་བྱ་བ་མི་ཉུང་བ་ཞིག་སྒྲུབ་ནས་དམངས་ཀྱི་དཀའ་ཁག་སེལ་བ་དང་ཏང་གི་སེམས་ཁྲལ་ཕྲག་ཏུ་བླངས་ཏེ། བྱ་བར་ཕན་འབྲས་ལེགས་པོ་བླངས། འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་བསྐྱོད་པར་ཡིག་བསྐུར་ངོ་གཏུགས་ལ་གནས་བབ་གསར་བར་འཕྲད་ཅིང་། ཡིག་བསྐུར་ངོ་གཏུགས་སྡེ་ཁག་གིས་མི་དམངས་ཨང་དང་པོར་འཇོག་པ་དང་། མང་ཚོགས་ཀྱི་ལངས་ཕྱོགས་ནས་ལངས་ཏེ། སེམས་ཞིབ་མོས་ཡིག་བསྐུར་ངོ་གཏུགས་སྣེ་ལེན་བྱེད་པ་དང་། བརྩེ་བའི་སྒོ་ནས་ཡིག་བསྐུར་ངོ་གཏུགས་སྣེ་ལེན་བྱེད་པ། མི་དམངས་མང་ཚོགས་ཡིད་ཚིམས་པར་བྱེད་པ་བཅས་ཀྱིས། ཏང་དང་སྲིད་གཞུང་སེམས་བདེ་བར་བྱས་ནས་ཏང་བཙུགས་ནས་ལོ་འཁོར100འཁོར་བར་རྟེན་འབྲེལ་ཞུ་བར་འཆམ་མཐུན་བརྟན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་ཅིག་གསར་སྐྲུན་བྱེད་དགོས་ཞེས་བསྟན། 

ཞིན་ཁྲང་ཞིང་གིས་བསྟན་དོན། འདས་པའི་ལོ་ངོ་གཅིག་གི་རིང་། ཞིང་ཆེན་ཡོངས་ཀྱི་ཡིག་བསྐུར་ངོ་གཏུགས་སྡེ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་བྱ་བའི་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ཏེ། བརྩེ་བ་དང་རང་འགུལ་གྱི་བྱེད་སྟངས་ཀྱིས་མང་ཚོགས་དང་འབྲེལ་བ་ཡོད་པའི་འབུར་ཐོན་གནད་དོན་སྐོར་ཞིག་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ཧུར་ཐག་གི་བྱས་རྗེས་འཇོག་པར་ཞབས་འདེགས་ཞུས་པས། བློ་མཐུན་ཚོར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་བཀའ་དྲིན་ཆེ་ཞུས་པ་ཡིན་ཞིང་། ལོ་གསར་བའི་ནང་། ཞིང་ཆེན་ཡོངས་ཀྱི་ཡིག་བསྐུར་ངོ་གཏུགས་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་དང་། དམངས་ཀྱི་དཀའ་ཁག་སེལ་རོགས་དང་། ཏང་གི་སེམས་ཁྲལ་ཕྲག་ཏུ་ལེན་པའི་ཆབ་སྲིད་ཀྱི་འགན་འཁྲིས་མི་དམངས་ཀྱི་བརྩེ་བ་བརྟན་སྲུང་དང་། ཡིག་བསྐུར་ངོ་གཏུགས་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་བྱས་ཏེ། གཞི་རིམ་གྱི་རྨང་གཞི་སྲ་བརྟན་དང་། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་བྱས་ཏེ། སྤྱི་ཚོགས་དྲང་བདེན་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་སྲུང་སྐྱོང་བྱས་ནས། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་མགོ་ལེགས་པོར་རྩོམ་པར་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན། 

ཚོགས་འདུས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་ཡིག་བསྐུར་ངོ་གཏུགས་སྡེ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་ཡིག་བསྐུར་ངོ་གཏུགས་བྱ་བ་ལེགས་བཅོས་དང་ཤུགས་བསྣོན་བྱེད་པའི་སྐོར་གྱི་བསམ་བློ་གལ་ཆེན་ལག་ལེན་མཐར་ཕྱིན་བྱེད་པ་དང་། དམངས་ཀྱི་དཀའ་ཁག་སེལ་རོགས་བྱས་ནས། ཏང་གི་སེམས་ཁྲལ་ཕྲག་ཏུ་ལེན་པའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་བྱེད་དགོས། དུས་རབས་གསར་བའི་འཕེལ་རྒྱས་ཀྱི་ཉམས་མྱོང་གིས་ལས་དོན་ཐག་གཅོད་ཀྱི་དམིགས་འབེན་དང་དམ་དུ་འབྲེལ་ནས། ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་བསྣོན་དང་བྱ་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། དེ་མིན་བྱ་བའི་སྤྱོད་སྟངས་ལེགས་བཅོས་དང་། ཡིག་བསྐུར་ངོ་གཏུགས་ཚོགས་འདུའི་སྒྲིག་སྲོལ་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། རྒྱུ་མང་ཅན་གྱི་མཉམ་བཅོས་ཀྱི་ཡིག་བསྐུར་ངོ་གཏུགས་བྱ་བའི་མ་ལག་འཛུགས་སྐྲུན་བྱས་ནས། ཧུར་ཐག་གིས་ཡིག་བསྐུར་ངོ་གཏུགས་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།