མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གསོ་བྱ་བའི་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་སློབ་གསོ་བྱ་བའི་ཚོགས་འདུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་རྣམ་གཉིས་ཀྱིས་བྱ་བའི་བླང་བྱ་བཏོན་པ་དང་། ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་ཚོགས་འདུར་ཕེབས་ཏེ་གསུང་བཤད་གནང་། 

ཝང་ཅན་ཅུན་གྱིས་ནན་གྱིས་གསུང་དོན། སྔོན་ལ་སློབ་གསོའི་བྱ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཏང་གི་ཇུས་ཆེན་བྱེད་ཕྱོགས་ཡིན་ལ། སློབ་གསོས་ཞིང་ཆེན་སྟོབས་ལྡན་དུ་བསྒྱུར་རྒྱུ་ནི་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་རྨང་གཞིའི་ལས་གཞི་ཡིན། དུས་ཡུན་རིང་པོའི་ནང་ལ། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་མ་ལག་གི་རྒྱ་ཆེ་བའི་ལས་བྱེད་ལས་བཟོ་པས་ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་དོན་འཁྱོལ་བྱས་པ་དང་། སྤྱོད་བཟང་མི་སྐྱོང་གི་རྩ་བའི་འགན་ཁུར་དངོས་འབེབས་བྱས་ཏེ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ལེགས་པོར་སྒྲུབ་ཆེད་འབད་པ་ཆེན་པོས་འཚོལ་ཞིབ་གསར་གཏོད་དང་དུས་བསྟུན་མདུན་སྐྱོད་བྱས་ཡོད་ཅིང་། དཀའ་སྡུག་གི་རྔུལ་ཆུ་བཏོན་ནས་བྱས་རྗེས་བཞག ཁྱད་པར་དུ་ན་ནིང་རིམས་ནད་འགོག་བཅོས་ཀྱི་ཉམས་ཚོད་ཆེན་མོའི་མདུན་དུ་འགན་ཁུར་ཕོད་པ་དང་འགན་ཐེག་ཐུབ་པ་ལས་བྱས་རྗེས་འཇོག་མཁས་པའི་སྙིང་སྟོབས་མཚོན་ཡོད། ད་ལོ་ནི་ལོ“ལྔའི་འཆར་འགོད་བཅུ་བཞི་པའི”མགོ་རྩོམ་པའི་ལོ་ཡིན་གཤིས། སྤུས་ཚད་མཐོ་བའི་སློབ་གསོའི་མ་ལག་འཛུགས་སྐྲུན་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ཞབས་འདེགས་ལེགས་པོར་ཞུ་བ་ལ། སློབ་གསོའི་མ་ལག་གིས་ལས་འགན་ལྗིད་མོ་ཕྲག་ཏུ་ཁུར་ཡོད། བློ་མཐུན་རྣམ་པས་མུ་མཐུད་དུ་འབད་པ་བྱས་ཏེ། ཀུན་སྤྱོད་ཡོད་པ་དང་། ཤེས་རབ་ལྡན་པ། ལུས་རྩལ་ལ་བྱང་བ། མཛེས་རྩལ་ལ་མཁས་པ། ངལ་རྩོལ་ནུས་པ་ལྡན་པ་བཅས་ཕྱོགས་ཡོངས་འཕེལ་རྒྱས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་བྱ་ཆེད་སྔར་ལས་ཆེ་བའི་བྱས་རྗེས་གསར་པ་བཞག་ནས་ཕུལ་ཏུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པར་བསུ་མ་བྱེད་པའི་རེ་བ་ཡོད་ཅེས་གསུངས། 

ཞིན་ཁྲང་ཞིང་གིས་ནན་གྱིས་གསུང་དོན། འདས་པའི་ལོ་གཅིག་གི་ནང་། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་མ་ལག་གིས་བློ་ཐག་རྦད་ཆོད་ཀྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་པ་དང་། རིམས་ནད་འགོག་བཅོས་དང་སློབ་གསོ་བཅོས་སྒྱུར་འཕེལ་རྒྱས་ལ་སྤྱི་འདོམས་ཀྱིས་རིམ་པ་སོ་སོ་དང་རིགས་སོ་སོའི་སློབ་གྲྭས་རྒྱལ་ཡོངས་ཀྱི་སྔོན་ལ་སློབ་མགོ་བརྩམས་ནས་སློབ་ཁྲིད་བྱས་ཏེ། སློབ་གསོའི་དབུལ་ཐར་འགག་སྒྲོལ་དང་འོས་འགན་སློབ་གསོ་ཆ་སྙོམས་འཕེལ་རྒྱས། ཟི་ལིང་སློབ་ཆེན་གྲབས་འཛུགས། སློབ་གསོ་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྒྱུར་སོགས་ཀྱི་བྱ་བར་གྲུབ་འབྲས་མངོན་གསལ་བླངས། ལོ་གསར་པའི་ནང་། ཞིང་ཆེན་ཡོངས་ཀྱི་སློབ་གསོའི་མ་ལག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་དོན་འཁྱོལ་བྱེད་པ་དང་། སྤྱོད་བཟང་མི་སྐྱོང་གི་རྩ་བའི་འགན་ཁུར་དངོས་འབེབས་བྱེད་པ། ཏང་གི་ཆེད་དུ་མི་སྐྱོང་བ་དང་། རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མི་གསོ་སྐྱོང་བྱེད་པ་རྒྱུན་འཁྱོངས་བྱས་ནས། སློབ་གསོ་བཅོས་སྒྱུར་གསར་གཏོད་གཏིང་ཟབ་ཏུ་སྤེལ་བ་དང་། སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་བར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། མུ་མཐུད་དུ་སློབ་གསོའི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་ཀྱི་ཆུ་ཚད་མཐོར་འདེགས་པ། མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་འབད་པས་ལེགས་པོར་སྒྲུབ་པ་བཅས་ཀྱིས། མཚོ་སྔོན་གསར་པའི་འཛུགས་སྐྲུན་ལ་འཇོན་མི་དང་བློ་གྲོས་ཀྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས་ཞེས་གསུངས། 

ཚོགས་ཐོག་ནས་འབྲེལ་ཡོད་ས་ཁུལ་དང་། སྡེ་ཁག སློབ་གྲྭ་བཅས་ཀྱིས་བརྗེ་རེས་གཏམ་གླེང་སྤེལ་བ་དང་། ཞིང་ཆེན་སྲིད་གཞུང་དང་གྲོང་ཁྱེར(ཁུལ)སོ་སོའི་སྲིད་གཞུང་གིས་དམིགས་འབེན་འགན་ཁུར་ཡི་གེ་ལ་མིང་རྟགས་བཀོད། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།