མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བརྡ་ཁྱབ། (ཨང27པ)

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་སར་རྗེས་སུ་མཚོ་སྔོན་དུ་ཕྱིར་ལོག་པའི་མི་སྣ་ཇེ་མང་དུ་སོང་བ་དང་བསྟུན་ནས་རིམས་ནད་ཕྱི་ནས་ནང་དུ་མཆེད་པའི་ཉེན་ཁ་ཇེ་ཆེར་ཕྱིན་པ་དང་། རིམས་ནད་འགོག་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་ཏུ་གཏོང་ཆེད། ད་ལྟ་ལོ་སར་རྗེས་ཀྱི་མཚོ་སྔོན་དང་བྲལ་ནས་ཕྱིར་ལོག་མི་སྣར་གྲལ་བཤེར་དོ་དམ་ཚོད་འཛིན་དང་འབྲེལ་བའི་དོན་ཚན་ཁག་གི་བརྡ་ཁྱབ་གཤམ་ལྟར། 

གཅིག ས་གནས་སོ་སོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ནང་རྐྱེན་གྱི་ལོ་སར་འགྲུལ་སྐྱེལ་སྐབས་སུ“བྱེད་མི་རུང་བ་དྲུག”གི་བླང་བྱ་ལྟར། གཟབ་ནན་གྱིས་རིམས་ནད་འགོག་སྡོམ་གཙོ་གཞིའི་འགན་ཁུར་ངེས་པ་དོན་གྱིས་དངོས་འབེབས་བྱེད་པ་དང་། མི་སྣའི་གྲལ་བཤེར་དང་དོ་དམ། ཚོད་འཛིན་བཅས་ཀྱི་བྱ་བ་ཕྱོགས་ཡོངས་ནས་ལེགས་པོར་སྒྲུབ་པ། ལོ་སར་རྗེས་ཀྱི་མཚོ་སྔོན་དང་བྲལ་ནས་ཕྱིར་ལོག་པའི་མི་སྣའི་གནས་ཚུལ་ཡང་དག་པར་ཁོང་དུ་ཆུད་པ། དུས་ལྟར་བརྡ་འཕྲིན་འབྲེལ་མཐུད་བྱེད་པ། ཕན་ནུས་ཆེ་བའི་གྲོས་མོལ་དང་མཉམ་ལས། འབྲེལ་གཏུགས། འགུལ་སྐྱོད་བཅས་བྱེད་པ་དང་། གྲལ་བཤེར་དོ་དམ་ཚོད་འཛིན་གྱི་བྱེ་བྲག་གི་བྱེད་ཐབས་ཁག་དངོས་འབེབས་ནན་མོ་སྒོས་གྲལ་བཤེར་དང་། དོ་དམ། ཚོད་འཛིན་བཅས་ཚད་དང་ལྡན་པར་ཁག་ཐེག་བྱས་ཏེ། རིམས་ནད་ཕྱི་ནས་ནང་དུ་མཆེད་པར་འགོག་སྡོམ་ནན་མོ་བྱེད་དགོས། 

གཉིས།  ས་གནས་སོ་སོས་ལོ་སར་རྗེས་སུ་ཉེན་ཁ་ཆེ་འབྲིང་ས་ཁུལ་དང་ཕྱི་རྒྱལ་ནས་སླེབས་པའི་ཕྱི་ཡོང་ཕྱིར་ལོག་མི་སྣར་གྲལ་བཤེར་བྱེད་པར་ཤུགས་སྣོན་དང་། གཅིག་བསྡུས་ལོགས་བཀར་དང་། ཉིང་སྐྱུར་ཚད་ལེན་བརྟག་དཔྱད། གསོ་རིག་ལྟ་ཞིབ་སོགས་ཀྱི་འགོག་སྡོམ་བྱེད་ཐབས་ལག་བསྟར་ནན་མོ་བྱས་ཏེ། ཕྱི་ནས་ནང་མཆེད་རང་བཞིན་གྱི་རིམས་ནད་འབྱུང་བ་དང་མཆེད་པར་འགོག་སྡོམ་ནན་མོ་བྱེད་དགོས་ལ། ཉེན་ཁ་ཆུང་བའི་ས་ཁུལ་གྱི་ཕྱི་ཡོང་ཕྱིར་ལོག་མི་སྣར་རྒྱལ་ཁབ་དང་ཞིང་ཆེན་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་སྲིད་ཇུས་ལག་བསྟར་བྱེད་དགོས།

གསུམ། ས་གནས་སོ་སོས་ཞིང་ཟོག་ཁྲོམ་ར་དང་། ཚོང་རའི་སྒོ་རྩིས་ཚོང་ཁང་། འགྲིམ་འགྲུལ་ས་ཚིགས་སོགས་གཙོ་གནད་ས་ཁུལ་གྱི་ཉེན་ཁ་གྲལ་བཤེར་དང་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་སྟེ་གཙང་སྦྲ་དང་། དུག་སེལ། རླུང་རྒྱུ་བ། མི་སྒེར་གྱི་འགོག་སྲུང་བྱེད་ཐབས་སོགས་དོན་འཁྱོལ་བྱེད་དགོས། རིགས་སོ་སོའི་ས་ཁུལ་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པར་སྐུལ་ལྕག་བྱས་ཏེ། དྲོད་ཚད་འཇལ་བ་དང་། ཁ་ཐུམ་རྒྱག་པ་སོགས་ཀྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཁག་དོན་འཁྱོལ་ནན་མོ་དང་། མི་སྣ་གོ་རིམ་ལྡན་པའི་ངང་འཁོར་སྐྱོད་བྱེད་པར་ཁྲིད་སྟོན་བཅས་བྱས་ཏེ། འདུ་གནས་ཀྱི་བདེ་འཇགས་ལ་འགན་ལེན་བྱེད་དགོས། 

བཞི། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དྲིལ་བསྒྲགས་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་སྟེ། ལོ་སར་དུས་ཆེན་སྐབས་མཚོ་སྔོན་ནས་ཕྱིར་སྐྱོད་པ་དང་མཚོ་སྔོན་ལ་ལོག་པའི་མི་སྣར་མི་སྒེར་གྱི་འགོག་སྲུང་ལས་དོན་ནན་ཏན་གྱིས་བསྒྲུབ་དགོས་པའི་དྲན་སྐུལ་བྱེད་པ་དང་། གཙོ་གནད་ས་ཁུལ་ནས་ཕྱི་ཡོང་ཕྱིར་ལོག་མི་སྣས་འཕྲལ་མར་སྡེ་ཁུལ་དུ་སྙན་སེང་ཞུ་བ་དང་སྦྲགས། འབྲེལ་ཡོད་སྔོན་འགོག་ཚོད་འཛིན་བྱེད་ཐབས་གཞིར་བཟུང་ལག་བསྟར་བྱེད་དགོས། ཚ་བ་རྒྱས་པ་དང་། གློ་ལུ་རྒྱག་པ། དྲི་མི་ཚོར་བ་སོགས་ཀྱི་མི་བདེ་བའི་ནད་རྟགས་བྱུང་ཚེ་དུས་ལྟར་ཁ་ཐུམ་རྒྱབ་ནས་མགྱོགས་མྱུར་གྱིས་ཐག་ཉེ་སའི་སྨན་བཅོས་སྒྲིག་གཞིའི་ཚ་བ་རྒྱས་པའི་སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པར་འགྲོ་དགོས་པ་དང་། སྨན་བཅོས་བྱེད་སྐབས་རང་འགུལ་གྱིས་སྡོད་གནས་དང་འབྲེལ་འདྲིས་གནས་ཚུལ་སོགས་ཞིབ་ཕྲའི་སྒོ་ནས་བཤད་དགོས།

ལྔ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཤེས་མེད་ཚོར་མེད་ཀྱི་བསམ་བློ་དང་ལྷོད་གཡེང་དང་དམག་འཐབ་ལ་སུན་སྣང་སྐྱེ་བའི་བསམ་བློ་མཐའ་གཅིག་ཏུ་ཁྱད་བསད་བྱས་ཏེ། ལོ་སར་དུས་ཆེན་དང་ལོ་སར་སྐྱེལ་འདྲེན་སྐབས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་འགོག་མཉམ་བཅོས་ལམ་སྲོལ《འདུས་འཛོམས་རང་བཞིན་གྱི་པྲོག་གསར་གློ་ཚད་རིམས་ནད་ཐག་གཅོད་ཕྱོགས་སྟོན》དོན་འཁྱོལ་ནན་མོ་བྱེད་པ་དང་། ཞིང་སྡེ་དང་འབྲོག་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་མངོན་གསལ་དོད་པོས་དམ་འཛིན་བཟང་པོ་བྱེད་པ། གཙོ་གནད་འགག་སྒོ་དང་། གཙོ་གནད་ས་ཁུལ། གཙོ་གནད་མི་ཚོགས་བཅས་ལ་དོ་དམ་ཚོད་འཛིན་བྱེད་པར་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། དོན་དངོས་ཀྱིས་ནད་སྔོན་ལ་ཤེས་རྟོགས་དང་སྙན་ཞུ། ཚན་རིག་དང་མཐུན་པའི་སྔོན་འགོག   ལས་དོན་ཚད་ལྡན་སྒོས་ལག་བསྟར་བྱེད་དགོས། །

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།

2021ལོའི་ཟླ2པའི་ཚེས15ཉིན།


རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།