ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་རྣམས་ཀྱིས་སྲིད་གྲོས་ཨུ་ཡོན་ཚོར་འཚམས་འདྲི་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ་དང་ཏུའུ་ཅེ། ཀྲང་ཝུན་ཁོས། མཱ་ཧའེ་དབྱིན། ཝང་ཞོན། ཏུའུ་ཏི་ཀྲི་བཅས་ཀྱིས་སོ་སོར་ཉིས་སྟོང་ཉི་ཤུ་ལོའི་ལས་འགན་གཙང་སྒྲུབ་བྱེད་མཁན་ཕུལ་བྱུང་ཅན་དང་རིམས་ནད་འགོག་སྡོམ་བྱེད་མཁན། རིག་ཚན་གཙོ་བོའི་སྣེ་ཁྲིད་པ། ལས་གནས་བརྟན་སྲུང་བྱེད་མཁན་གྱི་ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་གྱི་འཐུས་མི་ཉེར་ལྔར་འཚམས་འདྲི་བྱས།

ཞིང་ཆེན་སྲིད་གྲོས་ཀྱི་མགོ་ཁྲིད་རྣམས་ཀྱིས་འཚམས་འདྲིའི་ཁྲོད་ཨུ་ཡོན་ཚོའི་ལས་དོན་དང་འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས་ཏེ། ཁོ་ཚོས་འདས་པའི་ལོ་གཅིག་གི་རིང་ལ་ལས་གནས་བརྟན་སྲུང་དང་འགན་གཙང་ལེན། རང་བདག་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་པ། མང་ཚོགས་ལ་འབྲེལ་འདྲིས་དང་སྤྱི་ཡོངས་ལ་ཞབས་ཞུ། རིམས་ནད་འགོག་སྡོམ་སོགས་ཀྱི་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་བྱས་པའི་དུས་མཚུངས་སུ་བཀའ་དྲིན་ཆེ་ཞུས་པར་མ་ཟད། ཁོ་ཚོའི་སྲིད་གྲོས་བྱ་བའི་ཐད་ཀྱི་བསམ་འཆར་བསྡུ་ལེན་བྱས། ཨུ་ཡོན་ཚོས་བཤད་རྒྱུར། ངེས་པར་དུ་ཕྲག་སྟེང་དུ་བབས་པའི་འོས་འགན་ལག་བསྟར་ནན་མོ་བྱས་ཏེ། སློབ་སྦྱོང་བྱ་བ་དམ་པོར་འཛིན་རྒྱུ་དང་ལས་དོན་གཉེར་རྒྱུ་སྙིང་ལ་བཅངས་ནས། རང་སོ་སོའི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་རྒྱུ་དང་། ལས་འགན་སྒྲུབ་པའི་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བ། གྲོས་གླེང་རྟོག་ཞིབ་ནན་ཏན་བྱེད་པ། བློ་འདོན་ཇུས་འབུལ་གང་ལེགས་བྱེད་པ། ཕྱོགས་སོ་སོའི་སྟོབས་ཤུགས་བསྡུ་ལེན་བྱེད་པ་བཅས་ལ་འབད་དེ། འབྱོར་ཕྱུག་དཔལ་ཡོན་དང་འཆམ་མཐུན་མཛེས་སྡུག་གི་མཚོ་སྔོན་གསར་པ་བསྐྲུན་པར་འབད་འབུངས་ཧུར་ཐག་བྱེད་རྒྱུ་ཡིན་ཟེར།

རྡོ་རྗེ་རབ་བརྟན་གྱིས་ནན་གྱིས་བསྟན་དོན། ཉིས་སྟོང་ཉེར་གཅིག་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་ལོ་ཡིན་ལ། ལོ་ལྔའི་འཆར་འགོད་བཅུ་བཞི་པ་མགོ་རྩོམ་པའི་ལོ་དང་། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་འཐབ་ལམ་གསར་པ་བཏོད་པའི་ལོ་དང་པོའང་ཡིན་པས། མི་དམངས་སྲིད་གྲོས་ལས་དོན་བཟང་བོར་སྒྲུབ་པར་དོན་སྙིང་ཆེན་པོ་ལྡན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་གྱིས་མུ་མཐུད་དུ་རང་སྟེང་གི་ཆབ་སྲིད་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱུ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་དངོས་འབེབས་ནན་མོ་བྱེད་པ། འཕེལ་རྒྱས་གསར་པའི་དུས་རིམ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བཅས་ཀྱི་གནད་ཚིག་དང་ལག་ལེན་བླང་བྱར་གོ་བ་མ་ནོར་བ་ལེན་པ་བཅས་ལ་འབད་དེ། གྲུབ་འབྲས་གཡུར་དུ་ཟ་བ་བླངས་ནས་ཏང་གི་ལོ་བརྒྱའི་འཁྲུངས་སྐར་བསུ་དགོས་ཟེར།  །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།