ཉིས་སྟོང་ཉི་ཤུ་ལོ་མཚོ་སྔོན་གྱི་ཞིང་ལས་ཐོན་རྫས་ཕྱིར་འཚོང་གི་ཚད་བརྒྱ་ཆའི་དགུ་དང་གྲངས་ཆུང་བཞི་ཡིས་ཇེ་མང་དུ་སོང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟི་ལིང་སྒོ་ཁྲལ་གྱིས་བསྡོམས་རྩིས་བྱས་པར་གཞིགས་ན། ཉིས་སྟོང་ཉི་ཤུ་ལོ་མཚོ་སྔོན་གྱི་མཐོ་སྒང་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་འཚོང་བྱས་ཚད་སྔར་ལས་ཇེ་མང་དུ་འཕར་ཏེ། ཞིང་ལས་ཐོན་རྫས་ཕྱིར་འཚོང་ཉོ་ཚོང་གི་སྤྱིའི་རིན་འབབ་སྒོར་དུང་ཕྱུར་གཅིག་དང་བྱེ་བ་ལྔ་ལ་སླེབས་ཡོད་ཅིང་། དེ་ནི་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་དགུ་དང་གྲངས་ཆུང་བཞི་ཡིས་ཇེ་མང་དུ་འཕར་ཡོད་ལ། རྒྱལ་ཡོངས་ཞིང་ལས་ཐོན་རྫས་ཕྱིར་འཚོང་འཕེལ་ཚད་ལས་མཐོ་བར་མ་ཟད། དེས་ཞིང་ཆེན་ཡོངས་ཀྱི་ཕྱིར་འཚོང་སྤྱིའི་རིན་འབབ་ཁྲོད་བརྒྱ་ཆའི་བཅུ་གཉིས་དང་གྲངས་ཆུང་གཉིས་ཟིན་ཡོད་པ་དང་། ན་ནིང་དང་བསྡུར་ན་བརྒྱ་ཆའི་ལྔ་དང་གྲངས་ཆུང་གསུམ་གྱི་ཇེ་མཐོར་སོང་།

འདས་པའི་ལོ་གཅིག་གི་ནང་དུ། ཟི་ལིང་མཚོ་འགག་གིས་པྲོག་གསར་རིམས་ནད་ཀྱིས་བཟོས་པའི་འགལ་རྐྱེན་ཅི་རིགས་སེལ་ཐབས་ལ་འབད་དེ། མཚོ་སྔོན་གྱི་མཐོ་སྒང་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་འཚོང་གི་ཚད་ཇེ་མཐོར་འགྲོ་བར་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཕྱིར་འཚོང་བྱས་པའི་ཚོང་རྫས་ཀྱི་རིགས་འདྲ་མིན་ལས་གཞི་སུམ་ཅུ་གཉེར་ཡོད་ཅིང་། དེ་ནི་ལོ་སྔོན་མ་དང་བསྡུར་ན་བརྒྱ་ཆའི་ཉེར་ལྔ་ཡིས་མང་དུ་འཕེལ་ནས། ཕྱིར་འཚོང་བྱས་པའི་ཐོན་རྫས་ཀྱི་རིགས་སྔར་ལས་སྣ་མང་ཕུན་ཚོགས་སུ་གྱུར། ཉིས་སྟོང་ཉི་ཤུ་ལོ། མཚོ་སྔོན་གྱིས་དབྱར་རྩྭ་དགུན་འབུ་ཕྱིར་འཚོང་བྱས་པ་ལས་སྒོར་བྱེ་བ་བཞི་དང་ས་ཡ་བདུན་འབུམ་གཉིས་ཁྲི་དགུ་ལྷག་བཙལ་བ་དང་། དེས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་སྤྱིའི་རིན་འབབ་ཀྱི་བརྒྱ་ཆའི་སུམ་ཅུ་དང་གྲངས་ཆུང་དྲུག་ཟིན་པ་དང་། ཕྱིར་འཚོང་རིན་འབབ་ཀྱིས་རྒྱལ་ཡོངས་ཀྱི་ཨང་དང་པོ་ཟིན། རིན་གོང་སྒོར་བྱེ་བ་གཉིས་དང་ས་ཡ་བརྒྱད་འབུམ་དྲུག་ཁྲི་བཞི་ལྷག་གི་འཕང་འབྲས་ཕྱིར་འཚོང་བྱས་ནས་ཕྱིར་འཚོང་གི་ཚད་བརྒྱ་ཆའི་གསུམ་དང་གྲངས་ཆུང་དྲུག་འཕར་བ་དང་། དེས་ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་སྤྱིའི་རིན་འབབ་ཁྲོད་བརྒྱ་ཆའི་བཅོ་བརྒྱད་དང་གྲངས་ཆུང་ལྔ་ཟིན་ཡོད་ལ། ཕྱིར་འཚོང་གི་ཚད་རྒྱལ་ཡོངས་ཀྱི་ཨང་དགུ་བ་རེད། རིན་གོང་སྒོར་བྱེ་བ་གཅིག་དང་ས་ཡ་བརྒྱད་འབུམ་དྲུག་ཁྲི་བདུན་ལྷག་གི་སྦྲང་རྩིའི་ཐོན་རྫས་ཕྱིར་འཚོང་བྱས་པ་དང་། ཕྱིར་འཚོང་གི་ཚད་བརྒྱ་ཆའི་གྱ་དགུ་དང་གྲངས་ཆུང་དྲུག་འཕར་ཡོད་ཅིང་། དེས་འདས་པའི་ལོ་བཅུའི་རིང་གི་ཟིན་ཐོ་གསར་པ་བསྐྲུན་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཕྱིར་འཚོང་འཕར་ཚད་ལ་བྱས་རྗེས་བཞག་ཚད་བརྒྱ་ཆའི་རེ་དྲུག་དང་གྲངས་ཆུང་བཞི་རུ་སླེབས་པ་ལས་གཞན། ཕྱིར་འཚོང་གི་ཚད་རྒྱལ་ཡོངས་ཀྱི་ཨང་བཅུ་གསུམ་པ་ཟིན།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།