མཚོ་ལྷོ་ཁུལ་གྱིས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཀ་རྒྱུན་མཐུད་སྒོས་ལེགས་བསྒྱུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། ཉིས་སྟོང་ཉི་ཤུ་ལོ་ནས་བཟུང་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཆུ་ནུས་ཁུལ་གྱི་ཆུའི་སྤུས་ཀ་དང་མཉམ་འདུས་རང་བཞིན་གྱི་བཏུང་ཆུའི་མགོ་ཁུངས་ཀྱི་ཆུའི་སྤུས་ཚད་བརྒྱ་ཆའི་བརྒྱ་རུ་སླེབས་ཡོད་པས་མཁའ་དབུགས་ཀྱི་སྤུས་ཚད་མཐོར་འདེགས་མངོན་གསལ་བྱུང་ཡོད་པ་དང་། ལས་རིགས་གཙོ་གྲས་ཀྱིས་ལྕགས་རིགས་བཙོག་རྫས་ཕྱིར་གཏོང་ཚད་བརྒྱ་ཆའི་ཐིག་ཡིན་ལ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་སྒོས་ཇེ་ལེགས་སུ་སོང་ཡོད།

སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་ཆེད་མཚོ་ལྷོ་ཁུལ་གྱིས་ལྟ་སྐུལ་དང་དོ་དམ་མཉམ་སྦྲེལ་གྱིས་རྡུལ་འགོག་པ་དང་རྡོ་སོལ་བཀོལ་ཚད་ཇེ་ཉུང་དུ་གཏོང་བ། རླངས་འཁོར་ལ་ཚོད་འཛིན་བྱེད་པ། ཁེ་ལས་བཅོས་སྐྱོང་བྱེད་པ། ལྗང་མདོག་འཕེལ་རྒྱས་གཏོང་བ་བཅས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ཏེ།  ཕྲ་རྡུལ་དང་ཏན་དབྱང་འགྱུར་རྫས་ཀྱི་འབག་བཙོག་ཇེ་ཉུང་དུ་གཏོང་བ་དང་།  སྙིགས་རོ་གང་བྱུང་དུ་ཡོད་པའི་ཁེ་ལས་དང་རྡོ་སོལ་གྱི་འབག་བཙོག  འཕྲུལ་སྒུལ་འཁོར་ལོའི་མཇུག་རླངས་སོགས་ཀྱི་འབག་བཙོག་བཅོས་སྐྱོང་བྱས་ཏེ། མཁའ་དབུགས་དང་ཁོར་ཡུག་གི་སྤུས་ཚད་ལ་སྲུང་སྐྱོབ་བཟང་པོ་བྱས།

ཉིས་སྟོང་ཉི་ཤུ་ལོར། མཚོ་ལྷོ་ཁུལ་གྱིས་འགན་བབས་སྡོང་བོ་ས་ཡ་གཉིས་དང་འབུམ་བརྒྱད་ཁྲི་དྲུག་སྟོང་བརྒྱད་བཙུགས་པ་དང་། ས་སྤྱི་ཆིང་བདུན་ཁྲི་སུམ་བརྒྱ་སོ་གསུམ་ལྷག་ལྗང་བསྒྱུར་བྱས་ལ། ས་གཤིས་བྱེ་འགྱུར་གྱི་ས་སྤྱི་ཆིང་བདུན་ཁྲི་ཉིས་སྟོང་དྲུག་བརྒྱ་བཅོས་སྐྱོང་བྱས་ཏེ། བཏུལ་ཐང་གི་བྱེ་ཐང་བཅོས་སྐྱོང་དང་གཙང་གསུམ་མགོ་ཁུངས་ཀྱི་དུས་རིམ་གཉིས་པའི་སྲུང་སྐྱོབ་བཟོ་སྐྲུན་ལག་བསྟར། རང་བྱུང་ནགས་ཚལ་སྲུང་སྐྱོབ་སོགས་ཀྱི་ཇུས་གཞི་ཆེ་གྲས་ལ་སྐུལ་འདེད་བཏང་། དེ་བས་རྨ་ཆུའི་ཆུ་ལག་དང་ཚྭ་རྔ་འགག་སོགས་ཆུའི་བཞུར་ཡུལ་གཙོ་ཤས་ཀྱི་ཆུའི་ཁོར་ཡུག་དང་སྤུས་ཀ་རྒྱུན་མཐུད་ངང་གཏན་འཇགས་བྱུང་བ་དང་རྒྱལ་ཁོངས་ཀྱི་རྨ་ཆུའི་ཆུའི་སྤུས་ཚད་རིམ་པ་གཉིས་པའི་ཡན་དུ་རྒྱུན་འཁྱོངས་བྱེད་ཐུབ་པར་གྱུར།

མཚོ་ལྷོ་ཁུལ་གྱིས་ཁོར་ཡུག་དཔྱད་ཞིབ་མཆན་འགོད་ལམ་ལུགས་བཅོས་སྒྱུར་བྱེད་པའི་གོ་རིམ་ཁྲོད། ལྗང་མདོག་ཞིབ་བཤེར་ཆོག་མཆན་དང་མྱུར་ལམ་བཏོད་ནས། དྲ་ལམ་ནས་བདག་སྤྲོད་བྱེད་པ་དང་སྦྲག་སྲིད་ཀྱི་ལམ་ནས་སྐྱེལ་བ་སོགས་ཀྱི་ཞབས་ཞུ་ཇེ་བཟང་དུ་བཏང་ནས་ཁོར་ཡུག་དཔྱད་ཞིབ་མཆན་འགོད་བཅོས་སྒྱུར་ཐད་གོམ་པ་གསར་པ་སྤོས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱི་གསོན་ཤུགས་བསྐྱེད།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།