མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་རྣམས་ཀྱིས་ལོ་སར་སྔོན་གྱི་འཚམས་འདྲིའི་བྱེད་སྒོ་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་དང་དབྱང་ཧྥུན་ཁྲུན། ཀྲང་ལིས། ལིའུ་ཐའོ། དབྱང་ཀྲི་ཝུན། ལིའུ་ཁྲའོ། ཚེ་རིང་ཐར་བཅས་ཀྱིས་ཞིང་སྡེ་དང་གཞིས་ཁུལ་གྱི་ཐོན་སྐྱེད་འཚོ་བའི་ལས་གནས་དང་མཚོ་སྔོན་དུ་སྡོད་པའི་དྲག་ཆས་ཉེན་རྟོག་དམག་དཔུང་གི་བྱ་བར་རྒྱུས་ལོན་གཏིང་ཟབ་བྱས་ནས། ཆེད་མཁས་པ་དང་ཏང་ཕྱིའི་མི་སྣ། དཀའ་ངལ་ཆེ་བའི་མང་ཚོགས། དཀའ་ངལ་ཡོད་པའི་ཏང་ཡོན། གཞི་རིམ་ཏང་གི་ལས་དོན་པ། དམག་ཁོངས་ལས་བུད་པའི་དམག་མི། དྲག་ཆས་ཉེན་རྟོག་དཔོན་དམག དུས་ཆེན་སྐབས་ལས་གནས་བརྟན་སྲུང་བྱེད་པའི་ལས་བྱེད་པ་དང་ལས་བཟོ་བ་བཅས་ལ་འཚམས་འདྲི་བྱས་ཏེ། ཁོ་ཚོར་ཏང་དང་སྲིད་གཞུང་གི་བྱམས་བརྩེ་ཚོར་དུ་བཅུག་པར་མ་ཟད། ལུགས་རྙིང་ལོ་སར་ལ་སྨོན་འདུན་ཞུས།

འཚམས་འདྲི་དངོས་ཀྱི་ཁྲོད་དུ། ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་རྣམས་ཀྱིས་རིམ་པ་སོ་སོའི་སྲིད་གཞུང་དང་སྲིད་གཞུང་སྡེ་ཁག་གིས་ནན་ཏན་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པར་སློབ་སྦྱོང་མཐར་ཕྱིན་བྱེད་རྒྱུ་དང་། མཚོ་སྔོན་གྱི་འཕེལ་རྒྱས་དུས་རིམ་གསར་པ་ནས་རྐང་ཚུགས་པར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་པ་བསྐྲུན་པ་བཅས་ལ་འབད་དེ། གཏན་འཇགས་དྲུག་གི་ལས་དོན་བརྟན་པོར་སྒྲུབ་རྒྱུ་དང་། ཁྱོན་ཡོངས་ནས་འགན་སྲུང་གི་འོས་འགན་དངོས་འབེབས་བྱས་ཏེ། ལོ་ལྔའི་འཆར་འགོད་བཅུ་བཞི་པའི་མགོ་ཡག་པོ་རྩོམ་པར་འགན་ལེན་བྱས་མཐར། གྲུབ་འབྲས་ཆེན་པོ་ལ་བརྟེན་ནས་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་འཁྲུངས་སྐར་བསུ་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།