རིན་གོང་ཁེ་བའི་སྔོ་ཚལ་ལས་ལོ་གསར་གྱི་དྲོ་སྐྱིད་ཚོར་བ།

—— མཚོ་སྔོན་ཟི་ལིང་གིས་དུས་ཆེན་གོང་དུ་ཁྲོམ་རར་རིན་གོང་ཁེ་བའི་སྔོ་ཚལ་བཏོན་པའི་སྐོར་གྱི་མཐོང་ཐོས།

67bc8eb0-6132-4b69-8573-68f4cfa53a04.jpg

འདི་ནི་ཉེ་དུས་གྲོང་མིས་མཚོ་སྔོན་ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་རིན་གོང་ཁེ་བའི་སྔོ་ཚལ་བྲིན་ཚོང་དྲ་ཚུགས་སུ་སྔོ་ཚལ་འདེམས་བཞིན་པ།

“པད་ཚལ་རྒྱ་མ་གང་ལ་སྒོར་གཅིག་དང་སྒོར་ཟུར་གཉིས་རེད་འདུག དངོས་འབྲེལ་གོང་ཁེ་པོ་འདུག ད་ཐེངས་སྲིད་གཞུང་གིས་རིན་གོང་ཁེ་བའི་སྔོ་ཚལ་བཏོན་པར་ངས་དགའ་རྟགས་སྤྲོད་ཀྱི་ཡིན”ཚེས་6ཉིན་གྱི་སྔ་དྲོའི་ཆུ་ཚོད་9པ་ཙམ་ལ་ཟི་ལིང་གྲོང་ཁྱེར་གྲོང་ནུབ་ཁུལ་ལྔ་བཞིའི་ནུབ་ལམ་གྱི་ཤིན་པའེ་སྒོ་རྩིས་ཚོང་ཁང་ནང་སྔོ་ཚལ་འདེམས་བཞིན་པའི་གྲོང་མི་ལིའུ་ཀུའེ་ཤིའུ་ཡིས་དཔྱིད་གསར་དུས་ཆེན་གོང་གི་རིན་གོང་ཁེ་བའི་སྔོ་ཚལ་ལ་བསྔགས་བརྗོད་ཡང་ཡང་བྱས་པ་རེད།

སྒོ་རྩིས་ཚོང་ཁང་ནང་མི་ཚོགས་ཀྱིས་ཁེངས་པ་དང་། ཤིང་ཏོག་དང་སྔོ་ཚལ་ཁུལ་དུ“ཟི་ལིང་གྲོང་ཁྱེར་སྲིད་གཞུང་གི་རིན་གོང་ཁེ་བའི་སྔོ་ཚལ་བྲིན་ཚོང་དྲ་ཚུགས”ཞེས་པའི་བྱང་བུ་ཞིག་བཀལ་འདུག གྲོང་མི་མི་ཉུང་བ་ཞིག་གིས་བདམས་ཟིན་པའི་སྔོ་ཚལ་སོས་པ་ཁྱེར་ནས་བང་བསྒྲིགས་ཏེ་རྒྱ་མ་བཀྱག་རྒྱུ་སྒུག་ནས་བསྡད། “ཧོང་ཀྭ་རྒྱ་མ་གང་ལ་སྒོར་གསུམ་དང་སྒོར་ཟུར་ལྔ་དང་སྒོག་རྐང་རྒྱ་མ་གང་ལ་སྒོར་དྲུག་དང་སྒོར་ཟུར་དྲུག་ལ་སོགས་པའི་རིན་གོང་དུས་རྒྱུན་ལས་རྒྱ་མ་གང་ནས་ཐ་ན་སྒོར་གསུམ་ལྷག་ཙམ་གྱིས་ཁེ་བ་འདུག དངོས་འབྲེལ་ཡག་པོ་འདུག”ཅེས་ལིའུ་ཀུའེ་ཤིའུ་ཡིས་རིན་གོང་ཤོག་བྱང་ལ་མཛུབ་མོ་འཛུགས་བཞིན་གསར་འགོད་པར་བརྗོད། ཁོང་གིས་དགུན་ཁ་ཤར་ཚུན་སྔོ་ཚལ་གྱི་རིན་གོང་ཅུང་འཕར་བས་ལོ་གསར་གྱི་མཁོ་ཆས་གྲ་སྒྲིག་ཐད་ང་ལ་སེམས་ཁྲལ་ཆེན་པོ་བྱུང་། འོན་ཀྱང་ད་ཐེངས་སྒོ་རྩིས་ཚོང་ཁང་དུ་སྐྱོད་དུས་སྔོ་ཚལ་གྱི་རིན་གོང་བཅག་པ་མཐོང་སྐབས་སེམས་ལྷོད་ལ་བབས་བྱུང་ཞེས་བརྗོད།

དཔྱིད་གསར་དུས་ཆེན་རིང་གི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ཡག་པོ་སྒྲུབ་ཆེད། ཟི་ལིང་གྲོང་ཁྱེར་གྱིས་ཟླ་2ཚེས་6ཉིན་ནས་ཚེས་11ཉིན་བར། གྲོང་ཁྱེར་ཡོངས་ཀྱི་དྲ་ཚུགས་259ནས་རིན་གོང་ཁེ་བའི་སྔོ་ཚལ་སྣ་ཁ་བདུན་མཁོ་སྤྲོད་བྱ་རྒྱུའི་གཏན་འབེབས་བྱས་ཡོད།

རིན་གོང་ཁེ་བའི་སྔོ་ཚལ་བྲིན་ཚོང་དྲ་ཚུགས་དང་འདྲ་བར། སྤྱི་ལེ་འགའི་སར་ཡོད་པའི་གྲོང་བྱང་ཁུལ་ཞའོ་ཆའོ་ཁྲོམ་གཞུང་གི་ཧུའེ་ཁེ་ཅ་སྒོ་རྩིས་ཚོང་ཁང་གི་ལས་མི་ཝང་ཞ་ཞ་ཉིན་དགུང་མ་ཟིན་བར་ལས་ལ་བྲེལ་བཞིན་མཆིས།

“རིན་གོང་ཁེ་བའི་སྔོ་ཚལ་ཚང་མ་ནི་མི་སེར་ཚོར་རྒྱུན་དུ་མཁོ་བའི་ཚལ་རེད། དགུན་དུས་སུ་མཚོ་སྔོན་གྱི་སྔོ་ཚལ་གོང་མཐོ་བ་སྟེ་དཔེར་ན་ཅའོ་ཙི་བཟོ་བའི་ཀེའུ་སེར་དེ་སྔ་དཔྱིད་གསར་དུས་ཆེན་སྐབས་རྒྱ་མ་གང་ལ་སྒོར་16ལེན་གྱི་ཡོད། ད་ཆ་རྒྱ་མ་གང་ལ་སྒོར་5ཡིས་ཁེ་བ་འདུག་པས་དངོས་འབྲེལ་གྱོང་མི་འདུག”ཅེས་ཝང་ཞ་ཞ་ཡིས་གསར་འགོད་པར་བརྗོད། ཁོང་གིས་ཞོགས་པ་རིན་གོང་ཁེ་བའི་སྔོ་ཚལ་ཉོ་མཁན་མང་པོ་འདུག་པས་ཚལ་སྒྲོམ་དུ་སྔོ་ཚལ་ཡང་སེ་འདོན་དགོས་ཀྱི་འདུག་ཅེས་བརྗོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཟི་ལིང་གྲོང་ཁྱེར་གྱིས་རིན་གོང་ཁེ་བའི་སྔོ་ཚལ་མཁོ་སྤྲོད་བྱེད་རིང་། སིལ་ཚོང་མཁོ་སྤྲོད་གཉེར་སྐྱོང་གི་དྲ་ཚུགས་ཚང་མའི་བྱང་བུའི་ཐོག་གཅིག་གྱུར་མཚོན་རྟགས་བཀལ་བ་མ་ཟད། ཁྲོམ་ར་ལྟ་འདོམས་ཅུས་ཀྱི་ལྟ་སྐུལ་ཁ་པར་ཨང་གྲངས་12315ཡོངས་བསྒྲགས་ཀྱང་བྱས་ཡོད། སིལ་ཚོང་གཉེར་སྐྱོང་དྲ་ཚུགས་ཁག་གིས་མཁོ་སྤྲོད་བྱས་པའི་རིན་གོང་ཁེ་བའི་སྔོ་ཚལ་ལ་དམིགས་སུ་བཀར་ནས་རིན་གོང་གཏན་འཁེལ་གྱི་བྱང་བུ་བཟོས་ཏེ། གཅིག་གྱུར་གྱི་སྣ་ཁ་དང་རིན་གོང་གཅིག་སྡུད་ཐོག་བསྒྲིགས་ནས་ཚོང་བ་དང་། རིན་གོང་ཁེ་བའི་སྔོ་ཚལ་མི་རེས་ཐེངས་གཅིག་ལས་ཉོ་མི་ཆོག་པ་དང་སྣ་ཁ་རེར་རྒྱ་མ་ལྔ་ལས་བརྒལ་ཆོག་གི་མེད་པ་རེད།

མཚོ་བོད་ས་མཐོར་གནས་པའི་ཟི་ལིང་གྲོང་ཁྱེར་ནི་ས་བབ་མཐོ་བ་དང་དྲོད་ཚད་དམའ་བས་ཡུལ་དེར་དགུན་དུས་ཀྱི་སྔོ་ཚལ་ཐོན་ཚད་མང་པོ་མེད། དགུན་དུས་ཁྲོམ་རར་འཚོང་བའི་སྔོ་ཚལ་མང་ཆེ་བ་ཞིང་ཆེན་གཞན་ནས་དབོར་དགོས་ཀྱི་ཡོད། 2020ལོའི་དགུན་དུས་སུ་རང་རྒྱལ་གྱི་ས་ཆ་མང་ཆེ་བར་གྲང་རྒྱུན་གྱི་གནམ་གཤིས་བསྟན་ནས་སྔོ་ཚལ་སྐྱེལ་འདྲེན་བྱེད་རིང་འཕྲོ་བརླག་འབོར་ཆེན་ཕྱིན་པ་དང་། མ་གནས་མཐོ་རུ་སོང་བ། ཁྲོམ་རའི་རྒྱུ་རྐྱེན་མང་བ་བཅས་ཀྱི་དབང་གིས་ཟི་ལིང་གྲོང་ཁྱེར་གྱི་སྔོ་ཚལ་ཁག་གཅིག་གི་རིན་གོང་ཚད་གཞི་མི་འདྲ་བའི་སྒོ་ནས་མཐོ་རུ་སོང་ཡོད།

ད་ཕན་ལོ་ཤས་རིང་། ཟི་ལིང་གྲོང་ཁྱེར་སྲིད་གཞུང་གིས་དུས་ཆེན་གོང་གི་སྔོ་ཚལ་དང་ཤ་རིགས་ཀྱི་རིན་གོང་ཚད་བཅད་བྱས་ནས་མི་སེར་ཚོའི“ཤ་ཚལ་སྒོང་གསུམ”གྱི་ཁུར་པོ་རྒྱུན་ཆད་མེད་པར་ཡང་དུ་བཏང་སྟེ་ཁོང་ཚོའི་ཐོབ་སྣང་མུ་མཐུད་ཆེ་རུ་བཏང་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།