མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་དོན་རུ་མིར་བསྐུར་བའི་འཚམས་འདྲིའི་ཡི་གེ

ཞིང་ཆེན་ཡོངས་ཀྱི་ཧྲུའུ་ཅི་དང་པོ་དང་སྡེ་སྡོད་ལས་དོན་རུ་མི་རྣམ་པ།

ཁྱོད་ཚོས་དཀའ་ལས་མྱངས་སོང། གནམ་ལོ་གསར་པ་སླེབས་ལ་ཉེ་བའི་མཚམས་འདིར། ང་ཚོས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཁྱེད་ཚོར་དུས་ཆེན་གྱི་འཚམས་འདྲི་དང་བླ་མེད་ཀྱི་གུས་འདུད་ཞུ་བ་དང་ཆབས་ཅིག  ཁྱེད་ཚོའི་ནང་མིར་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་དང་བཀྲ་ཤིས་སྨོན་འདུན་ཞུ་བ་ཡིན།

2020ལོ་ནི་དབུལ་ཐར་འགག་སྒྲོལ་མཇུག་བསྡུ་བའི་ལོ་ཡིན། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་ནས་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མངགས་བཅོལ་ཟབ་མོ་དང་དྲིན་དྲན་པའི་འབད་བརྩོན་མདུན་སྐྱོད་བློ་ལ་བརྟན་པོར་བཅངས་ཏེ། རིམས་ནད་ཀྱི་ཤུགས་རྐྱེན་མཐའ་གཅིག་ཏུ་ཁྱད་བསད་ཅིང་དབུལ་ཐར་འགག་སྒྲོལ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་ལྡོག་མེད་ཀྱི་ལས་འགན་ཞིག་ཏུ་བརྩིས་ནས་སྐུལ་འདེད་ཤུགས་ཆེན་བཏང་བས། ཐག་གཅོད་རང་བཞིན་གྱི་རྒྱལ་ཁ་བླངས་ཤིང་། དབུལ་པོ་དབུལ་རྐྱང་དང་ས་ཁོངས་རང་བཞིན་གྱི་སྤྱི་ཡོངས་ཀྱི་དབུལ་ཕོངས་ལ་ལོ་རྒྱུས་རང་བཞིན་གྱི་ཐག་གཅོད་ཐུབ་པ་བྱས་ཡོད། ས་ཁུལ་དབུལ་པོའི་སྤྱི་ཡོངས་ཀྱི་རྣམ་པར་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བ་དང་། ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་ལ། རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་འགན་ལེན་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཞིང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྲུན་ལ་འདུ་ཤེས་ནས་ལག་ལེན་བར་གྱི་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྤྱི་ཚོགས་བརྟན་བརླིང་གི་རྣམ་པ་རྒྱུན་མཐུད་ངང་སྲ་བརྟན་དུ་ཕྱིན་པ་བཅས་བྱུང་ནས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་འཛུགས་སྐྲུན་བྱེད་ཆེད་རྨང་གཞི་བརྟན་པོ་བཏིང་ཡོད། གྲུབ་འབྲས་འདི་དག་ཐོབ་པ་ནི་ལས་སླ་པོ་ཞིག་གཏན་ནས་མིན་ལ། དཀའ་ཚེགས་ཧ་ཅང་ཆེ་བ་ཞིག་ཡིན་པས། ཁྱེད་ཚོས་རྔུལ་ཆུ་དང་སེམས་ཤུགས་གཅིག་ཏུ་བསྒྲིལ་ནས་བློ་གྲོས་དང་སྟོབས་ཤུགས་ཡོད་རྒུ་བཏོན་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དབུལ་ཞྭ་ཕུད་རྒྱུ་ནི་འཚོ་བ་གསར་པ་དང་འབད་འཐབ་གསར་པ་བྱེད་པའི་མགོ་འཛུགས་ས་གསར་པ་ཡིན། དབུལ་ཐར་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་ལེགས་སྒྲུབ་བྱས་རྗེས། རྒྱལ་ཁབ་ཀྱིས་ལོ་ལྔའི་བར་བརྒལ་དུས་སྐབས་བཙུགས་ཏེ་རོགས་སྐྱོར་སྲིད་ཇུས་གཙོ་བོ་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་རྒྱུན་འཁྱོངས་ཀྱིས་དབུལ་ཐར་འགག་སྒྲོལ་གྱི་སྲིད་ཇུས་བྱེད་ཐབས་དང་བྱ་བའི་མ་ལག་རིམ་བཞིན་ཞིང་སྡེ་དར་རྒྱས་དང་བརྟན་འཇགས་ངང་བར་བརྒལ་བྱེད་པར་སྐུལ་འདེད་གཏོང་བ་དང་། དབུལ་ཐར་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བ་སྔར་ལས་བཟང་པོ་རོལ་བར་མུ་མཐུད་སྐུལ་འདེད་གཏོང་དགོས།

རྒྱང་སྐྱོད་ཀྱི་ལམ་བུ་རིང་ཡང་། འབད་འཐབ་ཀྱི་སྙིང་སྟོབས་ཡོད་དགོས། ཁྱེད་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཐོག་མཐའ་བར་གསུམ་དུ་བློ་ལ་བརྟན་པོར་བཟུང་ནས་རྒྱལ་ཁ་ལེན་པའི་འགན་འཁྲི་འཁུར་ཕོད་པ་དང་། ཞུམ་མེད་མདུན་སྐྱོད་ཀྱི་ཆོད་སེམས་དང་བློ་སྟོབས་ལ་བརྟེན་ནས། རི་ཀླུང་དུ་སྔོ་ལྗང་འགྱུར་བར་བྱེད་པར། ཏན་ཏན་ཏིག་ཏིག་ངང་འབད་འབུངས་བྱེད་པ་དང་ཞིང་སྡེ་དར་སྤེལ་གྱི་བརྗིད་ཆེའི་འཆར་གཞི་ཧུར་ཐག་གིས་བསྒྲུབ་སྟེ། ཐུན་མོང་ཕྱུག་འགྱུར་གྱི་དམིགས་ཚད་ཕྱོགས་སུ་བརྟན་བརླིང་ངང་མདུན་སྐྱོད་བྱེད་པའི་རེ་བ་ཡོད།

གསེར་བྱིའི་གནམ་ལོ་ཕར་ལ་བསྐྱེལ་བཞིན། གསེར་གླང་གནམ་ལོ་ཚུར་ལ་བསུ། ལོ་གསར་པའི་ནང་ཁྱེད་ཅག་དང་ནང་མི་ཡོངས་གཟུགས་གཞི་བདེ་ཐང་དང་། བྱ་བ་ལམ་འགྲོ། ནང་མི་བདེ་སྐྱིད། ལོ་སར་སྐྱིད་པོ་ཡོང་བའི་བཀྲ་ཤིས་སྨོན་འདུན་སྙིང་ནས་ཞུ་བ་ཡིན། །

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན།

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ཞིན་ཁྲང་ཞིང་།

2021ལོའི་ཟླ2པའི་ཚེས9ཉིན།

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།