མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ལོ་སར་ལ་རོལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པོའི་ཚེས9ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་ཟི་ལིང་དུ་ལོ་སར་ལ་རོལ། ཞིང་ཆེན་ཏང་སྲིད་དམག་གི་མགོ་ཁྲིད་དང་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་ལས་རིགས་ཁག་གི་འཐུས་ཚབ་མི་སྣ་བཅས་ལྷན་གཅིག་ཏུ་འཛོམས་ནས། ལོ་སར་གྱི་དཔལ་ལ་རོལ་ནས། མེས་རྒྱལ་དང་མཚོ་སྔོན་གྱི་མ་འོངས་པ་གླེང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་གྱིས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་པ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་སྤྲོ་ཚོགས་སྟེང་ཞུགས།

ཝང་ཅན་ཅུན་གྱིས་ཤིས་ཚིག་ཁྲོད་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱིས་ཚབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་དང་། དམངས་གཙོའི་ཏང་ཁག་སོ་སོ། བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་དང་ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་དམངས་ཚོགས་པ་སོ་སོ། མཚོ་སྔོན་དུ་སྡོད་པའི་བཅིངས་འགྲོལ་དམག་བཀོད་འདོམས་པ། དྲག་ཆས་ཉེན་རྟོག་དཔོན་དམག་དང་སྤྱི་བདེ་ལས་མི། དེ་མིན་ཞིང་ཆེན་ཡོངས་ཀྱི་ལས་འཁྱུར་ངལ་གསོའི་ལས་བྱེད་པ་དང་མཚོ་སྔོན་འཛུགས་སྐྲུན་ཐད་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པའི་ལས་རིགས་ཁག་གི་མི་སྣ་སོ་སོར་ལོ་གསར་གྱི་སྨོན་འདུན་ཞུས། 

ཝང་ཅན་ཅུན་གྱིས་བཤད་རྒྱུར། མཚོ་སྔོན་ནི་མེས་རྒྱལ་ཁྱིམ་ཚང་ཆེན་པོའི་ཁྲོད་ཀྱི་གཅིག་ཡིན་པ་མ་ཟད། མཐོ་སྒང་གི་བུ་དང་བུ་མོ་ཁྲི608འཚོ་སྡོད་བྱེད་སའི་ཁྱིམ་གཞི་ཡིན་པ་རེད། དུས་ཡུན་རིང་བོར། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་རང་ཉིད་ཀྱི་ཁྱིམ་གཞི་འཛུགས་སྐྲུན་ཐད་རྔུལ་ཁྲག་བཏོན་པ་དང་། བློ་གྲོས་དང་བྱས་རྗེས་ཕུལ། “ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”མཇུག་ལེགས་པོ་ཞིག་སྒྲིལ་ནས། “ལོ་ལྔའི་འཆར་གཞི་བཅུ་བཞི་བ”བདེ་བླག་ངང་མགོ་རྩོམ་པར་རྨང་གཞི་ལེགས་པོ་ཞིག་བཏིངས་ཡོད།  མཚོ་སྔོན་བཅོས་བསྒྱུར་འཕེལ་རྒྱས་ཀྱི་གནས་བབ་བརྟན་བརླིང་ཡིན་པ་ནི་སྐབས་རེ་རེས་སྐབས་རེར་རྨང་གཞི་ལེགས་པོ་ཞིག་བཞག་པ་ལས་གྲུབ་པ་ཡིན་ཞིང་། མཚོ་སྔོན་གྱི་ལས་དོན་སོ་སོར་མུ་མཐུད་དུ་དུས་བསྟུན་བབ་བསྐྱོད་བྱེད་པ་ཚང་མ་ཞིང་ཆེན་གོང་འོག་གིས་འབད་བརྩོན་བྱས་ནས་ཐོབ་པ་ཡིན། མཚོ་སྔོན་གྱི་མི་རིགས་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་ཚང་མ་དཀའ་སྤྱད་འབད་བརྩོན་ལས་བྱུང་བ་ཡིན་ཟེར། 

ཞིན་ཁྲང་ཞིང་གིས་མགོ་འཛིན་བྱེད་སྐབས་བཤད་རྒྱུར། ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ལོ་སར་གྱི་འཚམས་འདྲི་ཞུས་ཤིང་། ལྷག་བསམ་རྣམ་དག་གི་སྨོན་འདུན་མཚོན་པ་དང་། མཛེས་སྡུག་གི་རེ་བ་བཅིངས། འདིས་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་བློ་རྩ་གཅིག་སྒྲིལ་གྱིས་མཚོ་སྔོན་གསར་བའི་སང་ཉིན་གསར་སྐྲུན་བྱེད་པར་སྐུལ་སློང་བྱེད་ཐུབ་ཟེར། 

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ། ཟི་ལིང་དུ་ཡོད་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་མི་རིགས་དང་ཆོས་ལུགས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་རིམ་པ་གཞོན་པ་ཡན་གྱི་ལས་འཁྱུར་ངལ་གསོའི་བློ་མཐུན་རྒན་པ་བཅས་ཞུགས། 

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་མི་དམངས་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོོ། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཆུང་སོ་སོ། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་། མི་དམངས་ཚོགས་པ་དང་མང་ཚོགས་ཚོགས་པ་སོ་སོ། མཐོ་རིམ་སློབ་གྲྭ། ཟི་ལིང་དུ་ཡོད་པའི་ཞིང་ཆེན་དོ་དམ་ཁེ་ལས་དང་། ཀྲུང་དབྱང་གི་མཚོ་སྔོན་དུ་སྡོད་པའི་ལས་ཁུངས། དམངས་གཙོའི་ཏང་ཁག་སོ་སོ། ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ། མི་རིགས་ཆོས་ལུགས་ཁག་གི་མི་སྣ། སྤྱི་དབང་ལམ་ལུགས་མ་ཡིན་པའི་དཔལ་འབྱོར་འཐུས་ཚབ་མི་སྣ། ཀུན་སྤྱོད་དཔེ་ལེགས། ངལ་རྩོལ་དཔེ་ལེགས་ཀྱི་འཐུས་ཚབ་བཅས་ལོ་སར་སྤྲོ་སྟོན་སྟེང་ཞུགས།། 

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།