ཀྲུང་དབྱང་སྐོར་ཞིབ་ཚན་ཁག་བཅོ་ལྔ་པས་མཚོ་སྔོན་ཞིང་ཆེན་ཏང་ཨུ་ལ་སྐོར་ཞིབ་གནས་ཚུལ་ལ་ཕྱིར་ལན་བསྐྱོན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཏང་ཀྲུང་དབྱང་གི་བཀོད་སྒྲིག་ལྟར། ཟླ2པའི་ཚེས3ཉིན། ཀྲུང་དབྱང་སྐོར་ཞིབ་ལས་དོན་མགོ་ཁྲིད་ཚན་ཆུང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྐོར་ཞིབ་ཐེངས་དྲུག་པའི་གནས་ཚུལ་ལ་ཕྱིར་ལན་བསྐྱོན་པའི་གྲོས་ཚོགས་བསྡུས། གྲོས་ཚོགས་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐོར་ཞིབ་ཕྱོགས་བསྡུས་གནས་ཚུལ་སྙན་ཞུར་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས། སྐོར་ཞིབ་ལེགས་བཅོས་དང་ཉིན་རྒྱུན་ལེགས་བཅོས་ལ་ལྟ་སྐུལ་བཟང་བོར་བྱེད་པའི་སྐོར་ནས་གཅིག་བསྡུས་ཀྱིས་བཀོད་སྒྲིག་བྱས་པ་དང་བླང་བྱ་མངོན་གསལ་བཏོན། ཟླ2པའི་ཚེས5ཉིན། ཀྲུང་དབྱང་སྐོར་ཞིབ་ཚན་ཁག་ཐེངས་བཅོ་ལྔ་པས་མཚོ་སྔོན་ཞིང་ཆེན་ཏང་ཨུ་ལ་སྐོར་ཞིབ་གནས་ཚུལ་གྱི་ཕྱིར་ལན་བསྐྱོན། ཚན་གཙོ་སུའུ་པའོ་ཡིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་མགོ་ཁྲིད་ཚནཁག་སོ་སོར་སྐོར་ཞིབ་གནས་ཚུལ་གྱི་ཕྱིར་ལན་བསྐྱོན་པ་མ་ཟད། ཀྲུང་དབྱང་སྐོར་ཞིབ་ལས་དོན་མགོ་ཁྲིད་ཚན་ཁག་གི་འབྲེལ་ཡོད་སྐོར་ཞིབ་ལེགས་བཅོས་བྱ་བའི་བླང་བྱ་བརྒྱུད་སྒྲོག་བྱས་ཤིང་། ཝང་ཅན་ཅུན་གྱིས་སྐོར་ཞིབ་ཀྱི་ལན་བསྐྱོན་པའི་གྲོས་ཚོགས་ལ་མགོ་འཛིན་བྱས་པ་མ་ཟད་སྐོར་ཞིབ་ལེགས་བཅོས་བྱ་བ་བཟང་བོར་བསྒྲུབ་དགོས་པའི་སྐོར་ནས་གསུང་བཤད་གནང་།

སུའུ་པའོ་ཡིས་ལན་བསྐྱོན་སྐབས་མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་བྱས་ལ། མཚོ་སྔོན་གྱི་ད་ཡོད་གནས་ཚུལ་དངོས་ནས་རྐང་བཙུགས་ཏེ་མུ་མཐུད་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་པ་དང་། དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་རྟིང་ཐག་ཆོད་པ་བླངས་ཏེ་དབུལ་ཕོངས་རྫོང་ཁག་ཞེ་གཉིས་ཀྱི་དབུལ་ཞྭ་ཕུད་པར་མ་ཟད། མི་རིགས་མཐུན་སྒྲིལ་མཉམ་འདྲེས་ལ་ཡར་སྐུལ་དང་། གཞན་ད་དུང་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་སྒྲིག་བྱས་ཏེ་ཕན་འབྲས་ངེས་ཅན་བླངས། ཏང་གི་འཛུགས་སྐྲུན་ལ་ཤུགས་བསྣན་པ་དང་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་ལས་དོན་ལེགས་པའི་ལམ་དུ་འཕེལ་བར་བྱས། སྐོར་ཞིབ་ཁྲོད་གནད་དོན་འགའ་གསར་དུ་རྙེད་ཡོད་ཅིང་དེ་དག་ལས་གཙོ་བོ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་མཐར་ཕྱིན་བྱས་པ་མི་འདང་བ་དང་། འཕེལ་རྒྱས་གསར་པའི་འདུ་ཤེས་ཀྱི་ངོས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྣེ་ཁྲིད་བྱས་པ་མི་འདང་བ། སྐྱེ་ཁམས་སྔོན་དུ་འཕེལ་བ་རྒྱུན་འཁྱོངས་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་བཀོད་སྒྲིག་དང་ཞིབ་འཇུག་བྱས་པ་མི་འདང་བ། མུ་རི་གཏེར་ཁུལ་གྱི་ཁྲིམས་འགལ་རྡོ་སོལ་སྔོག་འདོན་གནད་དོན་ལ་དུས་སྐབས་ངེས་ཅན་ཞིག་གི་ནང་ཕྱོགས་བསྡུས་ལེགས་སྒྲིག་བྱས་པ་མཐའ་འཁྱོངས་མིན་པ། ཁྱོན་ཡོངས་བཅོས་སྒྱུར་གཏིང་ཟབ་ལས་དོན་སྤེལ་བ་སྟོབས་ལྡན་མིན་པ། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འོས་འགན་གཉིས་དངོས་འབེབས་བྱས་པ་མི་འདང་བ། གནད་འགག་གྲངས་ཉུང་ལ་ལྟ་སྐུལ་དོ་དམ་དང་ཁྱབ་ཁོངས་གཙོ་བོའི་སྤྱོད་གཙང་ཉེན་ཆེའི་རིགས་འགོག་སྡོམ་བྱས་པ་མི་འདང་བ། སྲོལ་ངན་བཞི་དང་ཁྱད་པར་དུ་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་སྔར་བཞིན་གནས་ཡོད་པ། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དངོས་འབེབས་ལ་ཆད་ལྷག་ཡོད་པ། ལས་བྱེད་པ་དང་འཇོན་ཐང་མི་སྣའི་དཔུང་སྡེ་འཛུགས་སྐྲུན་བྱས་པ་མི་འདང་བ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བྱས་པ་གཏིང་ཟབ་མིན་པ། ཀྲུང་དབྱང་གི་སྐོར་ཞིབ་དང་བསྡོམས་རྩིས་སོགས་ལས་ལྟ་སྐུལ་དང་གསར་རྙེད་བྱུང་བའི་གནད་དོན་ལེགས་བཅོས་བྱས་པ་མི་འདང་བའི་གནས་ཚུལ་ལྷག་ཡོད། དུས་མཚུངས་སུ་སྐོར་ཞིབ་ཚན་ཁག་གི་མགོ་ཁྲིད་ལས་བྱེད་པ་སྐོར་ཞིག་ལ་གནད་དོན་ཡོད་པའི་ཁུངས་སྣེ་ཞུ་གཏུག་བྱས་པ་འབྱོར་བར་བརྟེན། འབྲེལ་ཡོད་གཏན་འཁེལ་ལྟར་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཀྲུང་དབྱང་རྩ་འཛུགས་པུའུ་སོགས་འབྲེལ་ཡོད་ཕྱོགས་ལ་ཐག་གཅོད་བྱེད་པར་སྤྲད་ཡོད་པར་བསྟན།

སུའུ་པའོ་ཡིས་ཕྱོགས་ལྔ་ནས་ལེགས་བཅོས་བསམ་འཆར་བཏོན་ཡོད་དེ། གཅིག་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་དངོས་འབེབས་མཐར་ཕྱིན་བྱས་ནས། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཤེས་རྟོགས་ནུས་པ། ལག་བསྟར་ནུས་པ་བཅས་མངོན་སུམ་གྱིས་ཇེ་མཐོར་གཏོང་དགོས་ལ། མཚོ་སྔོན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་སྒོས་དངོས་འབེབས་མཐར་ཕྱིན་ཐད་ཤུགས་སྣོན་དགོས་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཁོང་དུ་ཆུད་པར་བྱེད་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་སྐྲུན་བྱེད་པ་བཅས་ཀྱི་ཁྲོད་ནས་གནས་ཐིག་ཡང་དག་འཚོལ་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་སོགས་ཀྱི་ལས་རིམ་ཁག་ལ་གཅིག་གྱུར་འཆར་འགོད་བྱས་ཏེ། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་ཡིད་ཆེས་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་དོན་འཁྱོལ་བྱེད་པ་བཅས་ཀྱི་ལས་དོན་ཞིབ་ཕྲའི་ལག་ལེན་ཁྲོད་ནས་དངོས་འབེབས་བྱེད་དགོས། གཉིས་ནི་མཁྲེགས་གཏོར་ཆེན་པོ་གསུམ་གྱི་དམག་འཁྲུག་མུ་མཐུད་དུ་བརྒྱབ་ནས། མུ་རི་གཏེར་ཁུལ་གྱི་ཁྲིམས་འགལ་རྡོ་སོལ་སྔོག་འདོན་གནད་དོན་གྱི་བསླབ་བྱ་བསྡུ་ལེན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལས་དོན་མཐའ་གཅིག་ཏུ་སྤེལ་ནས་ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོང་ནུས་ལྡན་དང་། དབུལ་ཐར་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་སྤེལ་གཏོང་བའི་འཐབ་ཇུས་གཉིས་སྦྲེལ་མཐུད་ནུས་ལྡན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་འདུ་ཤེས་ཇེ་བརྟན་དུ་བཏང་ནས། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་གཏན་འཇགས་ལ་དངོས་སུ་སྲུང་སྐྱོབ་བྱེད་དགོས། གསུམ་ནི་ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འོས་འགན་གཉིས་དངོས་སུ་ལག་བསྟར་བྱས་ཏེ། རིམ་པ་རེ་རེ་བཞིན་གནོན་ཤུགས་སྤྲོད་རྒྱུ་དང་གཟབ་ནན་གྱི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ནས། ཆབ་སྲིད་ལྟ་སྐུལ་དང་ཉིན་རྒྱུན་གྱི་འཚོ་བར་ལྟ་སྐུལ་བྱེད་པར་ཤུགས་བསྣན་ནས། གཅིག་གྱུར་སྒོས་རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་ནུས་པ། རུལ་སུངས་བྱེད་མི་འདོད་པ་བཅས་ལ་སྐུལ་འདེད་གཏོང་བ་དང་། ཁྱབ་ཁོངས་གཙོ་བོའི་རུལ་སུངས་གནད་དོན་རྩད་གཅོད་བྱེད་ཤུགས་ཇེ་དྲག་ཏུ་བཏང་སྟེ། མང་ཚོགས་ཉེ་འཁོར་དུ་གནས་པའི་རུལ་སུངས་དང་སྤྱོད་ལམ་གནད་དོན་ཐག་གཅོད་ལ་དོ་སྣང་བྱེད་པ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྣང་ཚུལ་དག་ཐེར་ཡོ་བསྲང་བྱེད་དགོས། བཞི་ནི་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་ནན་མོ་བྱས་ཏེ། མི་བཀོལ་སྤྱོད་ཀྱི་ཁྲིད་ཕྱོགས་ཡང་དག་རྒྱུན་འཁྱོངས་དང་། གཟབ་ནན་སྒོས་དོ་དམ་དང་གཟིགས་སྐྱོང་ཟུང་འབྲེལ་ཡོང་བར་བྱས་ནས། ལས་སྒྲུབ་ལས་སྐྲུན་གྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས། ལྔ་ནི་ལེགས་སྒྲིག་གི་རང་བདག་འགན་འཁྲི་ཕྲག་སྟེང་དུ་བླངས་ནས། མཉམ་འདྲེས་བཞིའི་བླང་བྱ་ལྟར། སྐོར་ཞིབ་ལེགས་བཅོས་བྱ་བར་གཅིག་གྱུར་གྱིས་འཆར་འགོད་ལེགས་པོ་བྱེད་དགོས་བཅས་ཀྱི་བླང་བྱ་བཏོན།

གྲོས་ཚོགས་སྟེང་ཀྲུང་དབྱང་སྐོར་ཞིབ་ལས་དོན་མགོ་ཁྲིད་ཚན་ཆུང་གི་སྐོར་ཞིབ་ལེགས་བཅོས་བྱ་བའི་བླང་བྱ་བརྒྱུད་བསྒྲགས་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐོར་ཞིབ་སྙན་ཞུར་གསན་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དངོས་འབེབས་མཐར་ཕྱིན་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ། འདུ་ཤེས་བཞི་སྔར་ལས་ཇེ་དྲག་ཏུ་གཏོང་བ། ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་དོན་འཁྱོལ་བྱེད་པ་བཅས་ཀྱི་ཆབ་སྲིད་ཀྱི་མཐོ་ཚད་ནས། སྐོར་ཞིབ་ལེགས་བཅོས་དངོས་འབེབས་དམ་འཛིན་དང་། སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཤེས་རྟོགས་ནུས་པ། ལག་བསྟར་ནུས་པ་བཅས་ཇེ་ཆེར་བཏང་ནས། རང་ས་གནས་ཀྱི་འཕེལ་རྒྱས་ཀྱི་དུས་རིམ་གསར་པ་དང་འཕེལ་རྒྱས་སུ་གཏོང་སྟངས་གསར་པའི་ཁ་ཕྱོགས་ལ་གོ་བ་མ་ནོར་བ་ལེན་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་དངོས་འབེབས་དོན་འཁྱོལ་བྱས་ནས། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་མགོ་ཡག་པོ་རྩོམ་པར་འགན་ལེན་བྱེད་དགོས་ལ། ཁྱོན་ཡོངས་བཅོས་སྒྱུར་ཟབ་སྤེལ་གྱི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱས་ཏེ། བཅོས་སྒྱུར་གྱི་ཕན་ནུས་འདོན་གང་ཐུབ་བྱས་ནས་བཅོས་སྐྱོང་ནུས་པ་མཐོ་རུ་གཏོང་དགོས། ཉེན་ཁ་ཆེ་གྲས་སེལ་བའི་འདུ་ཤེས་དང་ནུས་པ་མངོན་སུམ་གྱིས་ཇེ་དྲག་ཏུ་བཏང་ནས། འཕེལ་རྒྱས་དང་བདེ་འཇགས་ཀྱི་དོན་ཆེན་གཉིས་གཅིག་གྱུར་གྱིས་དམ་པོར་འཛིན་དགོས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ལས་དོན་གྱི་སྣེ་འདོམས་འགན་སྲུང་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ནས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་འོས་འགན་གཉིས་དངོས་འབེབས་རྦད་ཆོད་བྱེད་པ་དང་རིམ་པ་རེ་རེ་བཞིན་གནོན་ཤུགས་སྤྲད་དེ། གཟབ་ནན་གྱི་བྱེད་ཕྱོགས་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས། བློ་བརྟན་འགྱུར་མེད་ངང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་སྤེལ་ཏེ། དབང་ཆའི་ལྟ་སྐུལ་ཚོད་འཛིན་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། གནད་འགག་གི་ཉུང་ཤོས་ལ་ཤུགས་སྣོན་པ་དང་ཁྱད་པར་དུ་མགོ་ཁྲིད་གཙོ་བོའི་ལྟ་སྐུལ་འབུར་དུ་ཐོན་པར་བྱས་ཏེ། ཁྱབ་ཁོངས་གཙོ་བོའི་རུལ་སུངས་གནད་དོན་གཅིག་བསྡུས་ཀྱིས་ལེགས་བཅོས་བྱེད་དགོས། སྲོལ་ངན་བཞིའི་དག་ཐེར་ཡོ་བསྲང་ལྷོད་གཡེང་དུ་གཏན་ནས་གཏོང་མི་རུང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ལ་ཁྱོན་ཡོངས་ནས་སྐྱོན་བཤེར་དང་བཅོས་སྐྱོང་བྱས་ཏེ། ཀྲུང་དབྱང་གི་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་དངོས་འབེབས་ནན་མོ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་དང་ཏང་ཀྲུང་དབྱང་གི་དམངས་ཕན་དམངས་ཕྱུག་སྲིད་ཇུས་དངོས་འབེབས་ནན་མོ་བྱས་ཏེ། མུ་མཐུད་དུ་སློབ་གསོ་དང་སྨན་བཅོས། རྒན་གསོ་དང་སྤྱི་ཚོགས་འགན་སྲུང་། ཁྲིམས་འཛིན་ཁྲིམས་བསྟར་སོགས་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ངན་དག་ཐེར་བྱས་ནས། མང་ཚོགས་ཀྱི་དཀའ་སྡུག་སེལ་རོགས་བྱེད་དགོས། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་དངོས་འབེབས་དོན་འཁྱོལ་བྱས་ནས། མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་དཔུང་སྡེ། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྲུན་བཅས་ལ་ཤུགས་བསྣན་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས་པ་བརྒྱུད་བསྒྲགས་བྱས།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་ཏང་ཨུས་ལེགས་བཅོས་དམ་པོར་འཛིན་རྒྱུ་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ལ་བརྩི་བ་དང་། ཁྱད་པར་ཏུ་ཧྲུའུ་ཅིས་འོས་འགན་དང་པོ་འཁུར་བ་དང་། མགོ་ཁྲིད་ཁོངས་མིས་ལས་རྐང་གཅིག་ནས་འགན་གཉིས་འཁུར་དགོས་ལ། མཉམ་འདྲེས་བཞིའི་བླང་བྱ་ལྟར། གནད་དོན་གྱི་གསལ་ཁྲ་དང་འོས་འགན་གྱི་གསལ་ཁྲ། འགན་འཁྲིའི་གསལ་ཁྲ་བཅས་གཏན་འབེབས་ནན་མོ་བྱས་ཏེ། སྐོར་ཞིབ་ལེགས་བཅོས་དང་ལོ་ལྔའི་འཆར་གཞི་བཅུ་བཞི་པ། ས་གནས་ཀྱི་ཏང་ཨུའི་སྐབས་བརྗེ། ཁྱོན་ཡོངས་ནས་བཅོས་སྒྱུར་ཟབ་སྤེལ་དང་། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་སོགས་གཞི་གཅིག་ཏུ་སྦྲེལ་ནས། མ་ལག་གི་འདུ་ཤེས་བཟུང་ནས་སྐོར་ཞིབ་ལེགས་བཅོས་དང་ཕན་འབྲས་བཀོལ་སྤྱོད་ལ་གཅིག་གྱུར་བཀོད་སྒྲིག་བྱེད་དགོས། ཁྱོན་ཡོངས་ནས་ལེགས་བཅོས་དང་མྱུར་དུ་ལེགས་བཅོས་བྱས་ཏེ། ལེགས་བཅོས་ཀྱི་ཡུན་ཕན་རྐྱེན་སྲོལ་འཐུས་ཚང་བཙུགས་ནས། གནད་དོན་བསྐྱར་དུ་མི་འབྱུང་བར་བྱེད་པ་དང་ཡོངས་ཁྱབ་ཏུ་གནས་པའི་གནད་དོན་གཙིགས་ཆེར་འཛིན་དགོས། ལམ་ལུགས་སྒྲིག་ལུགས་ཀྱི་སྟེང་ནས་རྒྱུ་རྐྱེན་འཚོལ་རྒྱུར་དོ་སྣང་བྱེད་དགོས། སྐོར་ཞིབ་དང་སྒྲིག་ཁྲིམས། ལྟ་ཞིབ། མངགས་གཏོང་བཅའ་སྡོད། རྩ་འཛུགས་སོགས་ལྟ་སྐུལ་ལ་གཅིག་གྱུར་འཆར་འགོད་བྱེད་པར་ཤུགས་བསྣན་ནས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཁག་གིས་སྐོར་ཞིབ་ལེགས་བཅོས་ཀྱི་ཉིན་རྒྱུན་ལྟ་སྐུལ་ལ་ཤུགས་སྣོན་རྒྱུ་དང་། ལྟ་སྒྲུབ་ལས་དོན་ལ་རྗེས་འདེད་རྒྱུན་ཆད་མེད་པ་བྱས་ཏེ་ལྟ་སྐུལ་གྱི་མཉམ་ཤུགས་ཆགས་པར་བྱས་ནས། ལེགས་བཅོས་དངོས་འབེབས་གནས་ཚུལ་མགོ་ཁྲིད་ཚན་ཁག་གི་ཕྱོགས་བསྡུས་དཔྱད་ཞིབ་ཁྲོད་འཇོག་རྒྱུ་དང་། ལེགས་བཅོས་ལ་སྣང་ཆུང་བྱེད་པ་དང་ལེགས་བཅོས་བྱས་པ་མི་འདང་བ། ལེགས་བཅོས་རྫུན་བཟོ་སོགས་ཀྱི་གནད་དོན་ལ་གཟབ་ནན་གྱིས་ཞིབ་བཤེར་བྱེད་དགོས་པ་ནན་གྱིས་བསྟན། 

ཝང་ཅན་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐོར་ཞིབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་ནི་ང་ཚོས་ཁྱོན་ཡོངས་ནས་སྐོར་ཞིབ་ལེགས་བཅོས་བཟང་བོར་སྒྲུབ་པའི་གཞི་རྩའི་ཆོས་ཉིད་དང་ལག་ལེན་གྱི་ཁ་ཕྱོགས་ཡིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་སྔར་ལས་ལྷག་པའི་སྒོ་ནས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་ཡིད་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་དོན་འཁྱོལ་བྱེད་པ་བཅས་ལ་འབད་པ་དང་། ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་ཤེས་རྟོགས་ནུས་པ། ལག་བསྟར་ནུས་པ་བཅས་མངོན་སུམ་གྱིས་ཇེ་དྲག་ཏུ་གཏོང་བར་འབད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་མཚོ་སྔོན་ནས་རྩ་བ་ཚུགས་པར་འགན་ལེན་བྱེད་དགོས། སྐོར་ཞིབ་གྱི་ལན་བསྐྱོན་པ་དངོས་ཐོག་བདེན་འཚོལ་ཡིན་པས། བྱ་བར་ཁས་ལེན་བྱས་པའི་རྨང་གཞིའི་སྟེང་ནས་སྐུལ་མ་གནང་བ་ཞིག་དང་། གནད་དོན་གྱི་འགག་རྩ་ངོས་བཟུང་བར་མ་ཟད་དེ་ཐག་གཅོད་བྱེད་ཐབས་ཡང་མཁོ་འདོན་བྱས་ཡོད་པས། ང་ཚོས་ལྷག་བསམ་རྣམ་དག་གི་སྒོ་ནས་དང་ལེན་བྱས་པ་ཡིན། མཚོ་སྔོན་ཞིང་ཆེན་ཏང་ཨུས་སྐོར་ཞིབ་ལེགས་བཅོས་བྱ་བ་ཆབ་སྲིད་ཀྱི་འོས་འགན་གལ་ཆེན་ཏུ་བརྩིས་ཏེ། འཕེལ་རྒྱས་ཀྱི་དུས་རིམ་གསར་བ་ཁོང་དུ་ཆུད་པར་བྱེད་རྒྱུ་དང་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་དངོས་འབེབས་བྱེད་པ། འཕེལ་རྒྱས་སུ་གཏོང་སྟངས་གསར་བ་བསྐྲུན་པ་བཅས་བྱས་ཏེ། འགན་གཙང་ལེན་སྒོས་ལེགས་བཅོས་ལས་འགན་ཡོངས་འགྲུབ་བྱས་ཏེ། ཏང་ཀྲུང་དབྱང་དང་མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ལ་དྲིས་ལན་ཚད་ལྡན་ཞིག་སྟེར་བར་འབད་དེ། གྲུབ་འབྲས་གཡུར་དུ་ཟ་བའི་སྒོ་ནས་ཏང་བཙུགས་ནས་ལོ་བརྒྱ་འཁོར་བར་རྟེན་འབྲེལ་ཞུ་དགོས་པར་བསྟན། 

ཀྲུང་དབྱང་སྐོར་ཞིབ་ཚན་ཁག་བཅོ་ལྔ་པ་དང་ཀྲུང་དབྱང་སྐོར་ཞིབ་ལས་དོན་མགོ་ཁྲིད་ཚན་ཁག་གཞུང་སྒྲུབ་ཁང་གི་འབྲེལ་ཡོད་བློ་མཐུན་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་མགོ་ཁྲིད་ཚན་ཁག་གི་ཁོངས་མི། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཏང་ཙུའུ་འགན་ཁུར་བ་གཙོ་བོ་བཅས་ཡུལ་དངོས་ཚོགས་འདུར་ཞུགས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་ཡི་མགོ་ཁྲིད་ཚན་ཁག་གི་ཁོངས་མི། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་གཞུང་སྒྲུབ་ཁང་གི་ཀྲུའུ་རིན། ཞིང་ཆེན་ཏང་ཨུའི་སྐོར་ཞིབ་ཚན་ཁག་སོ་སོའི་ཚན་གཙོ། ཞིང་ཆེན་ཏང་ཨུའི་སྡེ་ཁག་སོ་སོ་དང་ཞིང་ཆེན་ཐད་གཏོགས་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན། གྲོང་ཁྱེར་དང་ཁུལ་ཏང་ཨུ་སོ་སོའི་འགན་ཁུར་བློ་མཐུན་བཅས་ཚོགས་འདུར་ཟུར་ཞུགས་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།