“མཁའ་ལམ་གྱི་རྩེ་མོའི”མངགས་གཏོང་ཁང་གི་ཐུན་མོང་མིན་པའི་ལོ་གསར།

W020210207563157371793.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གྲང་རླུང་འུར་འུར་དུ་ལྡང་བའི་ཉིན་ཞིག་ཐལ་བས་འཚོས་པའི་ཉེན་རྟོག་པའི་རླངས་འཁོར་གཉིས་མཚོ་བོད་ལྕགས་ལམ་སྤྱི་བདེ་ཅུས་གོར་མོ་སྤྱི་བདེ་ཁྲུའུ་ས་ཚིགས་ཐོག་ཐོན་ཆུ་བོ་ས་ཚིགས་མངགས་གཏོང་ཁང་གི་སྒོ་རར་འཛུལ་བ་དང་། ཐོག་ཐོན་ཆུ་བོ་ས་ཚིགས་མངགས་གཏོང་ཁང་གི་སུའོ་ཀྲང་ཧྲེན་ཝུའེ་ཕིང་རླངས་འཁོར་ནས་བབས་ཏེ། ཅང་སུའུ་ཡི་སྐད་ནས་རྒྱལ་སྒོ་འབྱེད་པར་ཡོང་མཁན་ན་གཞོན་མི་དམངས་ཉེན་རྟོག་པ་ཤེ་རུང་ལ“དགོང་ཟས་ག་རེ་ཡིན་ནམ”ཞེས་དྲིས་པར་ཤེ་རུང་གིས“སུའོ་ཀྲང་ལགས་ཅའོ་ཙེ་ཡིན”ཞེས་འཛུམ་དམུལ་དམུལ་ངང་བཤད།

ཐོག་ཐོན་ཆུ་བོ་རླངས་འཁོར་ས་ཚིགས་མངགས་གཏོང་ཁང་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་དུ་ཡོད་ཅིང་། དེའི་ཁོངས་གཏོགས་ཁུལ་དུ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4300ལྷག་ཙམ་ཡོད་པ་དང་གསོ་རླུང་འདུས་ཚད་ནང་སའི་60%ཡང་ཟིན་གྱི་མེད་པས་དེ་ནི་མིག་སྔར་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ལྕགས་ལམ་མངགས་གཏོང་ཁང་ཞིག་དང་། ཁོངས་གཏོགས་ཁུལ་གྱི་ས་བབ་མཐོ་ཤོས་ལ་མཐོ་ཚད་སྨི་5072ཡོད་པ་དེ་ནི་མཚོ་བོད་ལྕགས་ལམ་གྱི་ས་བབ་མཐོ་ཤོས་རེད་ལ། མིག་སྔར་འཛམ་གླིང་ལྕགས་ལམ་གྱི་ས་བབ་མཐོ་ཤོས་ཀྱང་རེད།

W020210207563157517485.jpg

“ང་ཚོ་སྡོད་ས་ཧ་ཅང་ཐག་རིང་བས་བཟའ་བཅའ་དང་མཁོ་ཆས་ཚང་མ་མེ་འཁོར་བརྒྱུད་དབོར་དགོས་ཀྱི་ཡོད་པ་དང་། དབོར་ཐེངས་རེར་མང་ཉུང་ལ་ཚད་གཞི་ཡོད་པའི་ཁར་ཚང་མ་ལས་བྲེལ་ཆེ་སྟབས་རྣམ་ཀུན་མཉམ་དུ་འཛོམས་པའི་ཁོམ་པ་མེད། ལོ་གསར་ཟིན་གྲབས་ཡོད་པས་ཚང་མས་ཅའོ་ཙེ་བཟོས་ནས་མཉམ་དུ་ལོ་གསར་ཞིག་གཏོང་རྩིས་ཡོད”ཅེས་མི་དམངས་ཉེན་རྟོག་པ་ཐན་ཁྲང་སུང་གིས་ཅའོ་ཙེ་བཟོ་གྱིན་བཤད།

ཧྲེན་ཝུའེ་ཕིང་ཟ་ཁང་དུ་སླེབས་མ་ཐག་རོགས་པ་བྱེད་དགོས་བསམས་ཀྱང་གང་ཞིག་བྱེད་དགོས་མིན་མ་ཤེས་པར་ལུས། “ང་ཅང་སུའུ་ནས་ཡིན། ཅའོ་ཙེ་བཟོ་ཤེས་ཀྱི་མེད། སུའོ་དུའང་ཅའོ་ཙེ་བཟོ་ཤེས་མཁན་དེ་ཙམ་མང་པོ་མེད་པས་བཟོས་པའི་ཅའོ་ཙེའི་བཟོ་ལྟ་འདྲ་མིན་སྣ་ཚོགས་ཡོད། ཅའོ་ཙེ་ཐེངས་ཤིག་ཟ་བར་ལས་སླ་པོ་མེད། བཟོ་ལྟ་ཡག་ཉེས་གང་བྱུང་རུང་གཙོ་བོ་ཞིམ་པོ་བྱུང་ན་འགྲིག་གི་རེད”ཅེས་ཧྲེན་ཝུའེ་ཕིང་གིས་བཤད།

ཐབ་ཚང་དུ་བཟོས་ཟིན་པའི་ཅའོ་ཙེ་མང་པོ་བསྒྲིགས་ཡོད་པའི་ནང་འགའ་རེ་ཙི་ཙི་འདྲ་ལ་འགའ་རེ་ལག་པའི་སྦར་མཐིལ་འདྲ་བ་དང་། ཡང་འགའ་རེ་པི་ཤ་འདྲ་བ་ལ་སོགས་ཆེ་ཆུང་དང་བཟོ་ལྟ་འདྲ་མིན་སྣ་ཚོགས་ཡོད་པ་དང་། སུའོ་ནས་གདན་དྲངས་པའི་མ་བྱན་ཝུའུ་ཡིའུ་ཞུའེ་ཡིས་ཆུ་ཁོལ་མ་རླངས་རྡིག་ནང་བླུགས། “འདི་གར་ཅའོ་ཙེ་བཙོ་བར་ལག་རྩལ་གང་འཚམ་ཞིག་དགོས་ཀྱི་འདུག”སུའོ་ཀྲང་གཞོན་པ་ཕུའུ་ཧའེ་ཁྲུན་གྱིས་མ་བྱན་ཝུའུ་ལགས་ལ་མ་གཡོག་བྱེད་ཀྱིན“འདི་གར་ས་བབ་མཐོ་བའི་ཁར་རླུང་གནོན་དམའ་བས་ཅའོ་ཙེ་རླངས་རྡིག་ནང་ཐེངས་གཉིས་བཙོས་ན་མ་གཏོགས་འཚོས་ཀྱི་མི་འདུག དུས་ཚོད་དང་མེ་ཆེ་ཆུང་ཡག་པོ་མ་བྱུང་ཚེ་ཡང་ན་མ་འཚོས་པ་དང་ཡང་ན་འཚོས་དྲགས་ནས་ལྡུར་གྱི་འདུག”ཅེས་བཤད།

W020210207563157762359.jpg

ཧ་ལམ་སྐར་མ་20ཙམ་སོང་རྗེས་ཅའོ་ཙེ་རླངས་པ་འཚུབ་འཚུབ་བཀྱགས་ཡོང་བ་དང་ཚང་མས་སྒྲོག་ཙེར་སྒོར་སྒོར་བྱས་ནས་བསྡད། “སུའོ་དུ་ན་གཞོན་མང་བས་ཧ་ཅང་འཁྲུག་པོ་ཡོད་ལ། ཚང་མ་རྒྱུན་དུ་སྤུན་གྲོགས་ལྟར་བརྩེ་བ་ཧ་ཅང་ཟབ། མ་གཞི་འདི་གར་ཁོར་ཡུག་ཞན་ཙམ་ཡོད་མོད། འོན་ཀྱང་ཕན་ཚུན་འཆམ་པོ་བྱུང་ན་སྐྱིད་པོ་ལས་ཀྱིས་ཡོང་གི་རེད”ཅེས་ཐན་ཁྲང་སུང་གིས་བཤད།

ཕྱིའི་གྲང་རླུང་རིམ་གྱིས་འཇགས་ནས་ས་གཞི་ཐམས་ཅད་འཇམ་ཐིང་ངེར་གྱུར། མི་དམངས་ཉེན་རྟོག་པ་ཚོ་ཅའོ་ཙེ་བཟས་ཚར་རྗེས་ཉལ་ཁང་དུ་ལོག་སྟེ་ནང་མི་དང་ཁ་པར་ནས་ཅི་འཕྲོས་མོལ་འཕྲོད་བྱེད་འགོ་ཚུགས་པ་དང་། “མཁའ་ལམ་གྱི་རྩེ་མོའི”མངགས་གཏོང་ཁང་དེའང་རིམ་བཞིན་རྨི་ལམ་གྱི་ཞིང་ཁམས་སུ་ཡུར་འགོ་ཚུགས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།