གཟན་རྩྭ་གྲབས་གསོག་ལེགས། དགུན་སྒྲོལ་སེམས་ཁྲལ་མེད།

—— མཚོ་སྔོན་མགོ་ལོག་ཀྲོའུ་ཡི་གེགས་འགོག་ཕྱུགས་སྲུང་གི་ལས་དོན་སྐོར་བཀོད་པ།

W020210208345124323331.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་གུང་གི་དུས་སུ་སེར་ཐིང་ཐིང་གི་དགའ་བདེ་རྩྭ་ཐང་དུ་ནོར་གནག་ཁྱུ་དང་ཁྱུ་རྩྭ་ཆུ་ལོངས་སུ་སྤྱོད་བཞིན་མཆིས། མི་རིང་བའི་སར་གནས་པའི་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་དགའ་བདེ་རྫོང་གོང་སྟོད་ཤང་ཐང་ར་ཝོད་གྲོང་ཚོའི་གྲོང་མི་མཁར་བྱམས་ཁང་པའི་ཕྱི་རོལ་ཏུ་གཟན་རྩྭ་བསྡུ་ཞོར་དུ་རང་ཁྱིམ་གྱི་ནོར་རྣམས་ལ་ལྟ་ཡི་ཡོད།

མཁར་བྱམས་ཀྱིས“གཟན་རྩྭ་འདི་དག་ངས་ན་ནིང་ཤང་ནས་རྩྭ་སོན་བླངས་ཏེ་བཏབ་པ་ཡིན། ཟླ་དྲུག་པར་བཏབ་པ་དང་ཟླ་བཅུ་པར་བསྡུས་པས་རྩྭ་རས་བརྒྱ་ལྷག་ཙམ་བྱུང་བས་གངས་སྐྱོན་སྔོན་འགོག་ལ་གྲ་སྒྲིག་ལེགས་པོ་བྱས་པ་ཡིན”ཞེས་བཤད།

མཚོ་སྔོན་གྱི་འབྲོག་ཁུལ་དུ་སྔོན་ཆད“ཁྱིམ་དུ་རྒྱུ་དངོས་མང་ལུགས་བརྗོད་འདོད་ན། སྤུ་ཡོད་སེམས་ཅན་བརྩི་མི་རུང”ཞེས་པའི་ངག་རྒྱུན་འདིར་བརྗོད་པ་ནི་འབྲོག་ཁྱིམ་གྱི་ནོར་ལུག་ཉེན་ཁ་སྔོན་འགོག་གི་ནུས་པ་ཞན་པ་དེ་རེད། “སྔོན་ཆད་གཟན་རྩྭར་སྔོན་ཚུད་ནས་གྲ་སྒྲིག་ཐུབ་ཀྱི་མེད་པས་གངས་ཀྱིས་འབྲོག་ར་བཀླུབས་རྗེས་ནོར་ལུག་འཚོ་སྡོད་བྱེད་ས་མེད་པར་འགྱུར་བ་མ་ཟད། འབྲི་གཡག་གི་གཟན་རྩྭའང་མེད་པར་འགྱུར་བས་འཁྱག་ཤི་དང་ལྟོགས་ཤི་ཐེབས་རྒྱུ་གཏན་འཁེལ་རེད”ཅེས་མཁར་བྱམས་ཀྱིས་བཤད།

མཁར་བྱམས་ཀྱིས་ཉེ་འགྲམ་དུ་ཡོད་པའི་ཡུག་པོར་མཛུབ་མོ་བཙུགས་ཏེ“ད་ལྟ་སེམས་ཁྲལ་བྱེད་དགོས་དོན་མེད། དགུན་དུས་གངས་ཆེན་པོ་ག་ཚོད་བབས་ཀྱང་ཁྱིམ་གྱི་འབྲི་གཡག་ལྟོགས་ཤི་ཐེབས་མི་སྲིད”ཅེས་བཤད།

གྲང་ངར་ཆེ་བའི་དགུན་ཁ་མ་ཟིན་གོང་ནས་གཟན་རྩྭ་གྲབས་གསོག་བྱས་ཟིན་ཞིང་། དགུན་ཁ་སླེབས་སྐབས་འབྲོག་པ་ཚོས་གཟན་རྩྭ་རང་འདེབས་རང་གྲབས་ཀྱི་ལས་ལ་བྲེལ་བ་མ་ཟད། ཞིང་འབྲོག་ཅུས་སོགས་སྡེ་ཚན་གྱིས་ཀྱང་གཟན་རྩྭ་དབོར་འདྲེན་དང་གྲབས་གསོག་གི་ལས་དོན་སྒྲུབ་འགོ་ཚུགས་ཀྱི་ཡོད།

མགོ་ལོག་ཀྲོའུ་ཡི་ཞིང་འབྲོག་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་ཚུའེ་ཧུང་ཝེ་ཡིས“ན་ནིང་གི་ཟླ་བཅུ་པའི་ཟླ་མགོ་ནས་བཟུང་། ང་ཚོས་གཟན་རྩྭ་དང་། འབྲུ་རིགས། འབུད་ཤིང་། སྨན་རྫས་སོགས་གེགས་འགོག་གེགས་སེལ་གྱི་དངོས་རྫས་སྣ་ཚོགས་གྲབས་གསོག་བྱས་པ་ཡིན”ཞེས་བཤད།

རྨ་ཆེན་རྫོང་རྟ་བོ་ཤང་དགུ་སྟོད་གྲོང་ཚོའི་རྫོང་རིམ་པའི་གཟན་རྩྭ་གྲབས་གསོག་ཁང་དུ་རྩྭ་སྐམ་པོ་ཆག་པ་ཆག་པ་དང་གཟན་ཆག་རྩྭ་རས་རྩྭ་རས་བྱས་ནས་གྲལ་འགྲིག་པོར་བརྩིགས་ཡོད་པ་རེད།

རྨ་ཆེན་རྫོང་ཞིང་འབྲོག་ཆུ་བེད་དང་ཚན་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀྲོའུ་ཐའེ་ཡིས“ན་ནིང་དགུ་སྟོད་དུ་གྲོང་ཚོར་རྫོང་རིམ་པའི་གཟན་རྩྭ་གྲབས་གསོག་ཁང་བསྐྲུན་ཏེ་གནོད་འཚེ་ཐོན་མ་ཐག་གཟན་རྩྭ་དབོར་འདྲེན་བྱ་ཆོག་གི་ཡོད། མིག་སྔར་རྫོང་ཡོངས་སུ་ཁྱོན་གྲབས་གསོག་ཁང་དེ་འདྲ་4བསྐྲུན་ཡོད་ལ། གཟན་རྩྭ་སྤྱོད་པའི་འགྲོ་གྲོན་སྲིད་གཞུང་གི་ཆེད་སྤྱོད་མ་དངུལ་ནས་ཕྱེད་ཀ་དང་འབྲོག་པས་ཕྱེད་ཀ་བཏོན་གྱི་ཡོད་པས་མང་ཚོགས་ཚོར་ཕན་པ་གང་མང་མང་ཐོབ་ཀྱི་ཡོད”ཅེས་བཤད།

W020210208345124409461.jpg

གཟན་རྩྭར་འགན་ལེན་ཡོད་པས་གེགས་འགོག་ཐད་སེམས་ཁྲལ་བྱེད་དགོས་མེད། མིག་སྔར་མགོ་ལོག་ཀྲོའུ་ཡི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་24རུ་གཟན་རྩྭ་ཏུན་ཁྲི་4ཙམ་གྲབས་གསོག་བྱས་པ་དེས་ད་ཡོད་ཕྱུགས་རིགས་ཀྱི་ཉིན་60ཡི་གཟན་ཆས་ཁ་གསབ་ཐུབ་པས་འབྲོག་པ་ཚོའི་སེམས་ཁྲལ་བསལ་བ་རེད།

ཚུའེ་ཧུང་ཝེ་ཡིས“ང་ཚོས་རང་འགུལ་ངང་ཉེན་ཁར་གཡོལ་བའི་བྱེད་ཐབས་ཆ་ཚང་ཞིག་འཚོལ་ཞིབ་ཐུབ་སྟེ་རྒྱུད་སྤེལ་མོ་ཕྱུགས་དང་རྒྱུད་བཟང་སྤུས་ལེགས་འོས་འཚམ་ཉར་བ་དང་། ཕྱུགས་རིགས་བཤའ་ཚད་མང་དུ་བཏང་བ། ཕྱུགས་རིགས་གྲབས་གསོག་མ་དངུལ་གྲབས་གསོག་ལ་བསྒྱུར་ནས་དགུན་དཔྱིད་ཀྱི་རྩྭ་ར་དང་དགུན་སྒྲོལ་གཟན་རྩྭ་གྲབས་གསོག་གི་དཀའ་ངལ་ཆུང་དུ་གཏོང་རྒྱུ་རེད། སྲིད་གཞུང་གིས་འབྲོག་པ་ཚོར་ཕྱུགས་རིགས་འགན་བཅོལ་ཐོན་རྫས་ཉོ་རྒྱུར་ཁྲིད་སྟོན་དང་། འབྲོག་པར་ཕྱུགས་རིགས་བཤའ་བའི་དུས་ཚོད་ལེགས་སྒྲིག་གིས་སྟབས་བསྟུན་དགུན་སྒྲོལ་ལ་མཛུབ་ཁྲིད། སྲོག་ཆགས་ཀྱི་རིམས་འགོག་ལས་དོན་ཡག་པོ་སྒྲུབ་པ་བཅས་བྱས་ནས་ཕྱུགས་རིགས་བདེ་འཇགས་ངང་དགུན་སྒྲོལ་ཐུབ་པར་འདེགས་སྐྱོར་བྱས་ཡོད”ཅེས་བཤད།

གེགས་འགོག་ཕྱུགས་སྲུང་གི་བྱ་ཐབས་མཉམ་དུ་སྤྱད་པ་ལས་གེགས་འགོག་གེགས་སེལ་གྱི་ཕྱུགས་སྲུང་ལས་དོན་ལ་གྲུབ་འབྲས་ཐོབ་པ་དང་འབྲོག་པ་ཚོ་བློ་བདེ་པོ་བྱུང་ཡོད།

མཁར་བྱམས་ཀྱིས་གཟན་རྩྭ་ཆག་པ་གཅིག་འབྲི་གཡག་གི་ཁྱུ་ཚོགས་ཁྲོད་དུ་དབྱུགས་པས་འབྲི་གཡག་མགྱོགས་མྱུར་རུབ་ཡོང་ནས་གཟན་རྩྭ་བཟས། མཁར་བྱམས་ཀྱིས“སྔོན་ཆད་རྒན་རབས་ཚོས་གངས་སྐྱོན་འཕྲད་ཚེ་མཐར་ཐབས་མེད་པས་ལས་སྐལ་དུ་བརྩི་བ་དང་། ད་ཆ་ང་ཚོས་གཟན་རྩྭ་གྲབས་གསོག་ལེགས་པར་བྱས་ཡོད་པས་དགུན་སྒྲོལ་ལ་སེམས་ཁྲལ་བྱེད་དགོས་མེད”ཅེས་བཤད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།