ཞིན་ཁྲང་ཞིང་གིས་མི་རིགས་ཁག་དང་ལས་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་གཟིགས་ཞིབ་དང་འཚམས་འདྲི་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་གྱི་སྔ་གཞུག་ཏུ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིང་ཀྲང་ཞིན་ཁྲང་ཞིང་གིས་འཚོ་བར་དཀའ་ངལ་ཡོད་པའི་ཏང་ཡོན་དང་། ཏང་ཡོན་རྒན་པ། དབུལ་ཐར་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོའི་ལས་བྱེད་པ། སྡེ་བའི(སྡེ་ཁུལ)ལས་དོན་མི་སྣ། མཚོ་སྔོན་བཅའ་སྡོད་དཔུང་སྡེའི་དཔོན་དམག དཔྱིད་གསར་སྐྱེལ་འདྲེན་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་བཟོ་བ་བཅས་ལ་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོ་སྐྱིད་མཚོན་པའི་ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་གི་ཚབ་བྱས་ཏེ་ཚང་མར་དཔྱིད་གསར་དུས་ཆེན་གྱི་འཚམས་འདྲི་དང་དུས་ཆེན་གྱི་སྨོན་འདུན་ཞུས།

ཟི་ལིང་མེ་འཁོར་བབས་ཚུགས་དང་ཞིན་ཉིང་ལམ་འགྲུལ་སྐྱེལ་ས་ཚིགས། ཟི་ལིང་གྲོང་ཁྱེར་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་དམིགས་བསལ་ལས་སྒྲུབ་རུ་ཆེན་བཅས་ཀྱི་ལས་སྒྲུབ་ས་ཚིགས་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པ་བཅས་སུ་ཞིན་ཁྲང་ཞིང་གིས་འཐབ་ཕྱོགས་དང་པོར་འབད་འཐབ་བྱེད་བཞིན་པའི་ལས་བྱེད་ལས་བཟོ་བ་དང་། འགྲིམ་འགྲུལ་ཉེན་རྟོག་པ། སྨན་དོན་མི་སྣ་བཅས་ལ་གཟིགས་ཞིབ་དང་འཚམས་འདྲི་གནང་། ཁོང་གིས་ཚད་མཐའི་འཛིན་སེམས་བློ་བརྟན་པོར་འཛུགས་པ་དང་། ཉེན་ཁའི་འདུ་ཤེས་གཏིང་ཟབ་ཏུ་གཏོང་བ། “སྔ་ཙམ་བཞིའི”བླང་བྱ་དོན་འཁྱོལ་བྱེད་པ། སྔོན་འགོག་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། གལ་སྲིད་ཛ་དྲག་ཆེ་བའི་ཐོལ་བྱུང་གནས་ཚུལ་བྱུང་ཚེ་སྔོན་ཇུས་གཞིར་བཟུང་འཕྲལ་དུ་ཐག་གཅོད་གནད་འཁེལ་ཡོང་བའི་སྒོ་ནས“ཕྱི་འགོག་ནང་འདྲེན་དང་ནང་འགོག་བསྐྱར་ལོག”གི་ལས་དོན་ཁག་ལ་ཐོག་མཐའ་བར་གསུམ་དུ་དམ་འཛིན་ནན་མོ་བྱེད་པ་དང་། ཞབས་ཞུའི་སྤུས་ཚད་རྒྱུན་མི་ཆད་པར་མཐོ་རུ་བཏང་ནས་འགྲོ་ལམ་ཤར་བགྲོད་དང་བདེ་འཇགས་གོ་རིམ་ལྡན་པ་ཡོང་བར་འགན་ལེན་བྱེད་དགོས་པར་བརྗོད།

མཱ་ཅི་ཞའོ་དང་། ཁྲིན་རུའེ་ཧྥེིན། ལིའུ་ཀེ་ཕིང་། ཉི་མ་སྒྲོལ་མ། ཁོང་ཡུང་། དབྱང་ཀྲི་ཝུན། མ་ཧྥིན་ཧྲིན། ལི་ཙའེ་ཡོན་བཅས་སོ་སོར་འབྲེལ་ཡོད་བྱེད་སྒོ་ཞུགས་པ་རེད། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།