མཚོ་སྔོན་ཞིང་ཆེན་གྱིས་བུ་བཅོལ་ཁང21དང་འོས་འགན་སློབ་གསོའི་སློབ་གྲྭ45བསྐྲུན་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས6ཉིན། གསར་འགོད་པས་ཞིང་ཆེན་ཡོངས་ཀྱི་སློབ་གསོ་བྱ་བའི་ཚོགས་འདུའི་སྟེང་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་མ་དངུལ་སྒོར་དུང་ཕྱུར25བཏང་ནས་སློབ་གཉེར་ཆ་རྐྱེན་ཚད་ལྡན་ཅན་དུ་བསྒྱུར་བར་སྐུལ་འདེད་གཏང་རྒྱུ་རེད།

  སློབ་ཞུགས་གོང་གི་ཁྱབ་གདལ་དང་ཀུན་ཕན་འཕེལ་རྒྱས་ལ་སྐུལ་འདེད་གཏང་བའི་ཐད། མཚོ་སྔོན་ཞིང་ཆེན་གྱིས་ཀུན་ཕན་ཐོན་ཁུངས་རྒྱ་ཆེར་བཏང་ནས་སློབ་ཞུགས་གོང་གི་སློབ་གསོ་ཞན་པའི་རྫོང་དུ་ཁྱབ་གདལ་དང་ཀུན་ཕན་བྱ་སྤྱོད་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་བྱས་ཏེ། མ་དངུལ་གཏོང་ཤུགས་ཆེ་རུ་གཏོང་བ་དང་། གསར་སྐྲུན་བསྐྱར་སྐྲུན་རྒྱས་སྐྲུན་བཅས་ཀྱི་ལས་གཞི་ལག་བསྟར་དང་བཀོད་སྒྲིག་སྔར་བས་ཇེ་ལེགས་སུ་གཏོང་བ། རྫོང་ཚན་པར་བྱས་ནས་ཁྱོན་ཡོངས་ལ་སྐུལ་འདེད་གཏང་བ་བཅས་བྱས་ཏེ་ས་ཁོངས་བར་གྱི་འཕེལ་རྒྱས་ཀྱི་ཧེ་བག་གང་མགྱོགས་ཇེ་ཆུང་དུ་གཏང་རྒྱུ་ཡིན་པ་རེད།

  སློབ་གསོའི་སྤུས་ཚད་འགན་ལེན་དང་བུ་བཅོལ་ཁང་གཉེར་བའི་ལས་འགུལ་ཚད་ལྡན་དུ་གཏོང་བ། འཇུག་སྒོ་དང་འགག་སྒོ་ནན་སྲུང་། བུ་བཅོལ་ཁང་གི་འཛིན་གྲྭ་ཆེ་གྲས་ཀྱི་གྲངས་འབོར་ཡོ་བསྲང་བཅས་བྱས་ཏེ་སློབ་ཆུང་ཅན་དུ་འགྱུར་བའི་ཕྱོགས་ལྷུང་རྣམ་པ་སྔོན་འགོག་བྱ་དགོས་པ། བུ་བཅོལ་ཁང་དང་སློབ་ཆུང་ཚན་རིག་དང་མཐུན་པར་འབྲེལ་མཐུད་བྱེད་པའི་ལས་འགུལ་འཆར་གཞི་ལག་བསྟར་བྱ་དགོས། འགན་སྲུང་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་གཞུང་བཙུགས་བུ་བཅོལ་ཁང་གི་སློབ་མའི་ཆ་སྙོམས་སྤྱི་སྤྱོད་གྲོན་དངུལ་ཚད་གཞི་དང་། ཀུན་ཕན་རང་བཞིན་གྱི་དམངས་གཉེར་གླིང་གི་ཁ་གསབ་ཚད་གཞི་དོན་འཁྱོལ་བྱེད་པ།ཀུན་ཕན་རང་བཞིན་གྱི་སློབ་ཞུགས་གོང་གི་སློབ་གསོའི་མ་རྩ་ཁག་བགོས་ཀྱི་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྲིད་གཞུང་གིས་སློབ་ཞུགས་གོང་གི་སློབ་གསོའི་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་རྨང་གཞིའི་ཐོག་རྫོང་ཁོངས་ནང་ཁུལ་གྱི་སྒྲིག་ཁོངས་ལེགས་སྒྲིག་བྱས་ནས་གཞུང་བཙུགས་གླིང་འཕེལ་རྒྱས་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་དང་།ཆ་རྐྱེན་ཡོད་པའི་ས་ཁུལ་ལ་ལས་འདྲ་ཐོབ་འདྲ་མངོན་འགྱུར་བྱེད་པའི་ཐད་སྔོན་ལ་བསྐྱོད་རྒྱུར་ལྕག་སྐུལ་གཏོང་བ།ཆ་རྐྱེན་མི་འདང་བའི་རིགས་ལ་སྤྱི་ཚོགས་འགན་བཅོལ་ལམ་ལུགས་རིམ་བཞིན་དོན་འཁྱོལ་བཅས་བྱེད་དགོས།

  མཐོ་རིམ་སློབ་འབྲིང་དཀྱུས་མ་སྣ་མང་གོང་འཕེལ་ཅན་དུ་སྐུལ་འདེད་བཏང་ནས་མཐོ་རིམ་སློབ་འབྲིང་དཀྱུས་མའི་ཆེད་དོན་འཛུགས་སྐྲུན་འཆར་འགོད་བཟོ་བ། མཐོ་རིམ་སློབ་འབྲིང་དཀྱུས་མ་འཛུགས་སྐྲུན་བྱེད་པར་མ་དངུལ་འཇོག་གྲངས་མུ་མཐུད་དུ་ཇེ་མང་གཏོང་བ་དང་། མཐོ་རིམ་སློབ་འབྲིང་དཀྱུས་མའི་གཙོ་གནད་ལས་གཞི་ལག་བསྟར་བྱེད་པ།སློབ་གཉེར་ཐོན་ཁུངས་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། སློབ་གྲྭའི་འགོ་འཛིན་དང་དགེ་རྒན་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སློབ་ཚན་གསར་པ་དང་ཚད་གཞི་གསར་པ།སློབ་དེབ་གསར་པ་བཅས་གོ་རིམ་ལྡན་པའི་སྒོ་ནས་གསོ་སྦྱོང་བྱེད་པ།མཐོ་རིམ་སློབ་འབྲིང་དཀྱུས་མའི་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་བྱེད་གནས་འཛུགས་པ།མཐོ་རིམ་སློབ་འབྲིང་དཀྱུས་མའི་ཡོན་ཚད་རྒྱུགས་ལེན་དང་ཕྱོགས་བསྡུས་བྱང་ཚད་གདེང་འཇོག་བྱེད་ཐབས་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ། སློབ་མའི་ཁྱོན་ཡོངས་དང་ཁྱད་ཆོས་ལྡན་པའི་སློབ་གསོ་དང་སློབ་ཁྲིད་བསྒྱུར་བཅོས་འཚོལ་ཞིབ་དང་ལག་བསྟར་བྱས་ཏེ།མཐོ་འབྲིང་དཀྱུས་མ་སྣ་མང་ཅན་དང་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་རྣམ་པ་གཞི་རྩའི་ཆ་ནས་ཆགས་པར་བྱས་ཏེ། མཐོ་རྒྱུགས་ཕྱོགས་བསྡུས་ཀྱིས་བསྒྱུར་བཅོས་བྱེད་འགོ་རྩོམ་པར་རྨང་གཞི་བརྟན་པོ་གདིང་དགོས་པ་བསྟན།

  སློབ་གཉེར་ཆ་རྐྱེན་ཚད་གཞི་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏང་བར་མ་དངུལ་སྒོར་དུང་ཕྱུར25བཏང་ནས། བུ་བཅོལ་ཁང21དང་འོས་འགན་སློབ་གསོའི་སློབ་གྲྭ45གསར་སྐྲུན་དང་། བཅོས་སྐྲུན། རྒྱས་སྐྲུན་བཅས་བྱས་ནས་འོས་འགན་སློབ་གསོའི་སློབ་གྲྭའི་དམིགས་ཚད་འདུ་འགོད་ལག་བསྟར་དང་།མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོའི་སྒྲིག་ཆས་ཚད་གཞི་བརྟན་གཏོང་གི་འདུ་འགོད་ལག་བསྟར།སློབ་གྲྭ་ཆུང་འབྲིང་གི་སློབ་གསོའི་སྒྲིག་ཆས་ཚད་གཞི་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བ། རོང་འབྲོག་ཁུལ་གྱི་སློབ་གྲྭའི་དྭངས་གཙང་དྲོད་ལེན་དང་། ལུས་པོ་འཁྲུད་པ། གསང་སྤྱོད་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་རེད།སློབ་གསོའི་ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏང་རྒྱུར་ཤུགས་བསྣན་ནས་སློབ་གསོ་ཆ་འཕྲིན་ཅན་གྱི་2.0ལས་འགུལ་འཆར་གཞི་ལག་བསྟར་གཏིང་ཟབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིག་ལྡན་སློབ་གསོའི་སྤྲིན་ལས་སྟེགས་ཀྱི་སྒྲོམ་གཞི་རགས་ཙམ་ལེགས་སྒྲུབ་བྱས་ནས། སློབ་གསོའི་ཆེད་དོན་དྲ་བ་འཛུགས་སྐྲུན་དང་།གཞི་གྲངས་སློབ་གྲྭའི་དམིགས་ཚད་སློབ་གྲྭ་འཛུགས་སྐྲུན། ཞིང་ཆེན་རིམ་པའི་གཞི་གྲངས་སློབ་གསོའི་ཐོན་ཁུངས་ཀྱི་སྤྱི་པའི་ཞབས་ཞུའི་མ་ལག་དང་ལས་སྟེགས་འཛུགས་སྐྲུན་བཅས་ཇེ་མགྱོགས་སུ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་ཆ་འཕྲིན་ཅན་འཛུགས་སྐྲུན་གྱི་བཀོལ་སྤྱོད་ཆུ་ཚད་མཐོ་རུ་གཏང་དགོས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།