ཝང་ཅན་ཅུན་གྱིས་མི་རིགས་སོ་སོ་དང་སྡེ་ཁག་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གཟིགས་སྐྱོང་གནང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལུགས་རྙིང་ལོ་སར་ཐོན་ལ་ཉེ་བའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་གཞི་རིམ་དུ་ཕེབས་ཏེ། དབུལ་ཐར་འགག་སྒྲོལ་གྱི་ལས་རྐང་དང་པོ་ན་ཡོད་པའི་ལས་བྱེད་ལས་བཟོ་པ་དང་། ཏང་ཡོན་རྒན་པ། མང་ཚོགས་དཀའ་ངལ་ཅན། ཁོར་ཡུག་གཙང་སྤྲ་མི་སྣ། མེ་གསོད་རོགས་སྐྱོབ་ཀྱི་བཀོད་འཐབ་པ། ཏང་ཕྱིའི་མི་སྣ། ཆེད་མཁས་ཡོན་ཏན་པ་བཅས་ལ་འཚམས་འདྲི་གཟིགས་སྐྱོང་གནང་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་མང་ཚོགས་ལ་སྙིང་ཉེ་བའི་འཚམས་འདྲི་དང་ལོ་སར་གྱི་སྨོན་འདུན་ཞུས། 

ཝང་ཅན་ཅུན་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝུ་ཧྥིན་གྲོང་རྡལ་ཧུ་ཐོ་གུ་དབུལ་སྐྱོར་གནས་སྤོར་གྱི་སྡེ་གསར་ལ་ཕེབས་ཏེ། སྡེ་བའི་ཧྲུའུ་ཅི་དང་པོ་ལིག་ཕུ་དང་དབུལ་སྐྱོར་ལས་དོན་རུ་ཁག་གི་རུ་མི་མཱ་ཞུག་ཧྥིན་གཉིས་དང་གླེང་མོལ་བྱས་ཤིང་། མང་ཚོགས་དཀའ་ངལ་ཅན་ཀྲང་ཏི་ཚའེ་དང་ཏང་ཡོན་རྒན་པ་ཀྲང་ཡུན་ཧྲི་གཉིས་དང་རྒྱུན་ལྡན་འཚོ་བའི་སྐོར་ནས་གླེང་མོལ་བྱས། ཝང་ཅན་ཅུན་གྱིས་སྡེ་མི་ཚོ་རི་ཀྱོག་ལུང་གཟར་ནས་གནས་སྤར་ཏེ་བདེ་སྐྱིད་ཀྱི་འཚོ་བ་རོལ་ཡོད་ཀྱང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་བཅས་ལ་དྲིན་གཟོ་རྒྱུ་ནམ་ཡང་བརྗེད་མི་རུང་ལ། དྲིན་གཟོའི་སེམས་དེ་གྲོང་གསེབ་དར་སྤེལ་གྱི་སྒུལ་ཤུགས་སུ་བསྒྱུར་ཏེ། གསར་དུ་འདེམ་བསྐོ་བྱས་པའི་སྡེ་བའི“ཨུ་ཡོན་གཉིས”ལ་རྒྱབ་སྐྱོར་ཆེན་པོས་ཐུན་མོང་དཔལ་འབྱོར་གོང་སྤེལ་གཏོང་བ་དང་། སྲོལ་བཟང་དཔལ་ཡོན་ལ་སྐུལ་འདེད་བྱེད་པ། མཛེས་སྡུག་ལྡན་པའི་ཤང་གྲོང་འཛུགས་སྐྲུན་བྱས་ནས། གྲོང་གསེབ་ཀྱི་སྡེ་མི་རྣམས་གྲོང་གསེབ་དར་སྤེལ་གྱི་བགྲོད་ལམ་སྟེང་ནས་བདེ་སྐྱིད་དཔལ་ལ་རོལ་ཐུབ་པར་བྱེད་དགོས་ཞེས་གསུངས། 

ཧོར་རིགས་ཕ་གཞིས་གླིང་ལྟ་སྐོར་ཞབས་ཞུ་ལྟེ་གནས་ཐང་ཆེན་དུ། ཝང་ཅན་ཅུན་གྱི་ཁོར་ཡུལ་གཙང་སྤྲ་བར་ལག་འཇུས་གནང་སྟེ། ཁོ་ཚོས་ངལ་བའི་རྩོལ་བ་བརྟེན་ནས་དག་གཙང་གི་ཁོར་ཡུག་བསྐྲུན་པ་དང་། སྤྱིར་བཏང་གི་ལས་རྐང་དུ་སྤྱིར་བཏང་མ་ཡིན་པའི་བྱས་རྗེས་གསར་དུ་བསྐྲུན་པར་ཁས་ལེན་གང་ལེགས་བྱས་ཅིང་། མུ་མཐུད་དུ་དཀའ་སྤྱད་སྡུག་རུས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུར་སྐུལ་མ་བྱས་ཏེ། གྲོང་ཁྱེར་ལ་སྔར་ལས་ལྷག་པའི་མཛེས་རྒྱན་གྱིས་སྤྲས་དགོས་པར་བསྟན། ཧུའུ་ཀྲུའུ་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་དུ། ཝང་ཅན་ཅུན་གྱིས་རྟེན་གཞིའི་འཛུགས་སྐྲུན་དང་། ལས་སྒྲུབ་དམག་གྲབས་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་། མེ་གསོད་བཀོད་འཐབ་པ་ཡོངས་ལ་ལོ་སར་གྱི་འཚམས་འདྲི་བྱས། ཁོང་གིས་གསུང་དོན། མི་རིགས་སོ་སོའི་མང་ཚོགས་ཀྱིས་བཀྲ་ཤིས་ཤིང་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ལོ་སར་སྐྱིད་པོ་ཞིག་རོལ་པར་མེ་གསོད་བཀོད་འཐབ་པ་ཚོའི་ཕྲག་ཏུ་འགན་ལྗིད་མོ་ཡོད། ལས་རྐང་དམ་པོར་སྲུང་བ་དང་། ཉེན་དཀའ་ལྗིད་གསུམ་ལྡན་པའི་གློར་བྱུང་དོན་རྐྱེན་ལ་གདོང་གཏོད་སྐབས། ཅི་ལའང་མི་སྐྲག་པའི་སྙིང་སྟོབས་དར་སྤེལ་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་དང་མི་དམངས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཞེས་གསུངས། 

ཝང་ཅན་ཅུན་གྱིས་ཏང་ཕྱིའི་མི་སྣའི་འཐུས་མི་ལི་ཡུན་ཧུའེ་དང་ཆེད་མཁས་ཡོན་ཏན་པའི་འཐུས་མི་ཉི་མ་གཉིས་ལ་གཟིགས་སྐྱོང་གནང་བ་དང་། ཁོང་གིས་ལི་ཡུན་ཧུའེ་ལ་ཤེས་བྱ་ཡོད་ཅིང་། བློ་ཁོག་ཡངས་པ། མཐོ་སྒང་དམ་པོར་སྲུང་བ་དང་། མཐོ་སྒང་ལ་ལེགས་སྐྱེས་ཕུལ་ཏེ། མཚོ་སྔོན་གྱི་ནས་འབྲུའི་ཐོན་ལས་གསོ་སྐྱོང་དང་ཞིབ་འཇུག རྒྱ་སྐྱེད་བཅས་ཀྱི་ཐད་ལ་རྔུལ་ཁྲག་བཏོན་པར་བསྟོད་བསྔགས་མཛད། འབྲེལ་ཡོད་སྡེ་ཁག་ལ་མངག་བཅོལ་བྱས་ཏེ་དམངས་གཉེར་ཁེ་ལས་བདེ་འཇགས་ཀྱིས་འཕེལ་རྒྱས་འགྲོ་བར་སེམས་ཁུར་དོ་སྣང་བྱེད་པ་དང་། ཡར་བརྩོན་ཆེན་པོས་དམངས་གཉེར་ཁེ་ལས་ཀྱི་དཀའ་ངལ་སེལ་རོགས་བྱེད་དགོས་པར་བསྟན། ཝང་ཅན་ཅུན་གྱིས“རྒྱལ་ཁབ་ཀྱི་ལྷ་རྗེ་དམ་པ”ཉི་མ་ལགས་ཀྱིས་མི་རིགས་ཀྱི་གསོ་བ་རིག་པ་འཕེལ་རྒྱས་དང་མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་ལ་མཛད་རྗེས་གལ་ཆེན་བཞག་པར་ཐུགས་རྗེ་ཆེ་ཞུས་ཤིང་། ལྷ་རྗེ་ལགས་ཀྱིས་སྐུ་ལུས་བདེ་ཐང་ལ་གཟབ་པ་དང་། སློབ་མ་སྐྱེད་སྲིང་ཡག་པོར་གནང་བ། སྨན་པའི་ཉམས་མྱོང་དག་སྒྲིག་ལེགས་པོར་བྱེད་པ། རྒྱལ་ཁབ་ཀྱི་ལྷ་རྗེ་དམ་པའི་ལས་སྒྲུབ་ཁང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པར་བསྟན། 

ཡུས་ཚུང་ལི་དང་ཉའོ་ཁྲིན་ཡུང་སོ་སོར་འཚམས་འདྲིའི་བྱེད་སྒོར་ཞུགས་ཡོད།  །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།