མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་ཆོས་ལུགས་བྱེད་སྒོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བརྙན་ལམ་ཚོགས་འདུ་འཚོགས་པ།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དང་ཆོས་ལུགས་བྱེད་སྒོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བརྙན་ལམ་ཚོགས་འདུ་ཟི་ལིང་དུ་འཚོགས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་དོན་འཁྱོལ། གོམ་སྟབས་རྗེས་མའི་ཞིང་ཆེན་ཡོངས་ཀྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བཀོད་སྒྲིག་བཅས་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་གསུང་བཤད་གནང་བ་དང་། ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ལས་དོན་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ་དབྱང་ཧྥུང་ཁྲུན་གྱིས་ཚོགས་འདུར་མགོ་འཛིན་བྱས།

མགོན་པོ་བཀྲ་ཤིས་ཀྱིས་བསམ་བློའི་ངོས་འཛིན་ལ་སྔར་བས་ཤུགས་སྣོན་རྒྱབ་སྟེ་ཆབ་སྲིད་ཀྱི་མཐོ་ཚད་ནས་མིག་སྔའི་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་དགོས་ཞེས་བླང་བྱ་བཏོན་པ་དང་། ཆོས་ལུགས་ལས་རིགས་ཀྱི་མི་སྣ་དང་དད་ལྡན་མང་ཚོགས་ཀྱི་ལས་དོན་གཏིང་ཟབ་སྤེལ་ནས་ཁོང་ཚོར་ཆོས་ལུགས་ལས་རིགས་ཀྱི་རིམས་ནད་འགོག་སྲུང་གི་རྒྱལ་གཅེས་སྙིང་སྟོབས་དར་སྤེལ་བཏང་སྟེ་རིམས་ནད་འགོག་རྒོལ་གྱི་སྤྱི་བར་བརྩི་སྲུང་མཐའ་གཅིག་ཏུ་བྱེད་པ་དང་། སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ཁག་རང་རྟོགས་ངང་བརྩི་སྲུང་བྱས་ནས་མི་སྒེར་གྱི་འགོག་སྲུང་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཁྲིད་སྟོན་བྱེད་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས“ཕྱོགས་བཞིའི”འགན་འཁྲི་ནན་དུ་བཏང་སྟེ་ས་གནས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྤྱི་འགན་ཁུར་ནས་རིམ་དབྱེའི་གནད་ཁེལ་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་སྟེ་ས་གནས་ཀྱི་ཆོས་ལུགས་ཁྱབ་ཁོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་ཁག་དོན་འཁྱོལ་ནན་ཏན་བཏང་ནས་ལས་དོན་སོ་སོ་དང་གོ་རིམ་ཚང་མའི་འགན་འཁྲི་ཁུར་ནས་དོན་ཐོག་ཏུ་འཁྱོལ་དགོས་པར་བསྟན། 

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་དགུན་དཔྱིད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ནས“ནན་པོ་དང་དམ་པོའི”རྩ་དོན་ལྟར་རིམས་ནད་ཀྱི་ཉེན་ཁ་བརྡར་གཅོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རིམས་ནད་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ། མི་སྣ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། དྲིལ་བསྒྲགས་ཁྲིད་སྟོན་རྒྱ་ཁྱབ་བཅས་བྱེད་དགོས། བྱེད་ཐབས་སྣ་མང་མཉམ་སྤྱོད་ཀྱིས་འཕྲལ་བསྟུན་ཐག་གཅོད་ནུས་པ་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་འཕྲལ་བསྟུན་དང་ལེན་མ་ལག་འཐུས་ཚང་དུ་གཏོང་བ། འཕྲལ་བསྟུན་བཀོད་སྒྲིག་ནུས་པ་ཆེ་རུ་གཏོང་བ། ལས་རེས་ལས་སྲུང་ལམ་ལུགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། སྔར་ལས་ལྷག་པའི་སྒོ་ནས་ས་ཁུངས་དང་སྡེ་ཁག ཆོས་ལུགས་བྱེད་སྒོ་སྤེལ་ཡུལ། མི་སྒེར་བཅས་ཀྱི་སྔོན་འགོག་ཚོད་འཛིན་འགན་འཁྲི་ནན་དུ་བཏང་ནས་ཐུན་མོང་གི་འགན་འཁྲིའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་སྔོན་འགོག་ཚོད་འཛིན་དྲ་བ་བརྟན་པོ་བཟོ་དགོས། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།