མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དྲུག་པ་རྒྱལ་ཁའི་ངང་མཇུག་སྒྲིལ་བ།

1.jpg

ཟླ2པའི་ཚེས4ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དྲུག་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་བྱུང་ནས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་སུ་རྒྱལ་ཁའི་ངང་མཇུག་སྒྲིལ་བ་རེད། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས4ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དྲུག་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་པར་འགྲུབ་ནས་རྒྱལ་ཁའི་ངང་མཇུག་སྒྲིལ།

ཚོགས་ཆེན་ཐོག་འབོད་སྐུལ་གནང་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོ་འཆང་བ་དང་། མི་སེམས་གཅིག་ཏུ་སྒྲིལ་ནས་འབད་འབུངས་ཡར་བརྩོན་བཅས་ཀྱིས་དུས་རབས་གསར་པའི་མཚོ་སྔོན་གྱི་ངོ་མཚར་ཆེ་བའི་ལེའུ་ཧུར་ཐག་སྒོས་བསྐྲུན་ཏེ་ཕུལ་བྱུང་གི་གྲུབ་འབྲས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་དགོས། 

 གྲོས་ཚོགས་ལ་འཐུས་མི381ཞུགས་དགོས་པ་དང་། འཐུས་མི374དངོས་སུ་ཚོགས་ཐོག་ཏུ་འབྱོར་བས་ཁྲིམས་བཀོད་མི་གྲངས་དང་མཐུན།

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ཝང་ཅན་ཅུན་དང་། ཀྲང་ཀོང་རོང་། མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏི། ཅ་དབྱིན་ཀྲུང་བཅས་ཀྲུའུ་ཞི་ཚོགས་པའི་མདུན་གྲལ་དུ་བསྡད་ཡོད།

ཀྲང་ཀོང་རུང་གིས་མཇུག་སྒྲིལ་ཚོགས་ཆེན་ལ་གཙོ་སྐྱོང་གནང་།

ཚོགས་འདུས་འདེམས་བསྐོའི་བྱ་ཐབས་ཀྱི་འཆར་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཞིང་ཆེན་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གྱི་འོས་མི་བདམ་ཐོན་བྱ་ཐབས་འཆར་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། ཀའོ་ཧྭ་ཡི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པའི་གོ་གནས་དགོངས་ཞུ་དང་ལེན་བྱ་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། ཞིང་ཆེན་དམངས་ཆེན་སྤྱི་ཚོགས་འཛུགས་སྐྲུན་ཨུ་ལྷན་གྱི་ཀྲུའུ་རེན་ཨུ་ཡོན་གྱི་འོས་མིའི་མིང་ཐོར་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། སྤྱིའི་འདེམས་ཤོག་ལྟ་ཞིབ་པ་དང་འདེམས་ཤོག་ལྟ་ཞིབ་པའི་མིང་ཐོའི་མ་ཟིན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། 

ཚོགས་ཆེན་གྱིས་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་ལ་བརྟེན་ནས་ཀྲང་ཧོང་ཡོན་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་འདེམས་བསྐོ་བྱས་པ་དང་། ལིའུ་ཁྲའོ་དང་ཚེ་རིང་ཐར་གཉིས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པར་བསྐོས། ཀྲང་ཙེ་ཅུན་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ལ་བསྐོས། མཁས་པ་དང་རྡོ་རྗེ་ཆོས་འཛིན་གཉིས་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས། 

དེའི་རྗེས། ཚོགས་ཆེན་ཐོག་རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་མཛད་སྒོ་འཚོགས། རྒྱལ་གླུ་བླངས་རྗེས་བདམས་ཐོན་བྱུང་བའི་བློ་མཐུན་གྱིས་རྩ་ཁྲིམས་ལ་དམ་བཅའ་བཞག་པ་དང་ཚོགས་ཞུགས་མི་སྣས་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་ནས་རྟེན་འབྲེལ་ཞུས།

ཚོགས་འདུའི་སྟེང་སྲིད་གཞུང་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། མཚོ་སྔོན་ཞིང་ཆེན་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པ་དང་2035ལོའི་རྒྱང་རིང་དམིགས་འབེན་རྩ་གནད་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་།  མཚོ་སྔོན་ཞིང་ཆེན་གྱི2020ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་འགོད་ལག་བསྟར་བྱས་ཚུལ་དང2021ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་སྐོར་གྱི་གྲོས་ཆོད་འཆར་ཟིན་ལ་གྲོས་འཆམ་བྱུང་། མཚོ་སྔོན་ཞིང་ཆེན་གྱི2020ལོའི་སྔོན་རྩིས་ལག་བསྟར་བྱས་ཚུལ་དང2021ལོའི་སྔོན་རྩིས་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་དང་། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་། 

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་དང་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཝང་ཅན་ཅུན་གྱིས་མཇུག་སྒྲིལ་ཚོགས་འདུའི་སྟེང་གསུང་བཤད་གནང་། ཁོང་གིས་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་དོན་གྱི་རླབས་ཆེའི་དར་ཆ་མཐོན་པོར་བསྒྲེངས་ནས། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། བཞི་པ། ལྔ་པ་བཅས་དང་དེ་བཞིན་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་ཀྲུང་དབྱང་ཞིང་སྡེའི་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱས་ཤིང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་གནད་དུ་འཁེལ་བར་ཁོང་དུ་ཆུད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་གཏིང་ཟབ་སྒོས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གང་མགྱོགས་ཀྱིས་འཛུགས་སྐྲུན་བྱས་ཏེ། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་སྤྱོད་རྩ་གནད་གཏན་འབེབས་བྱས་པ་དང་། “ལོ་ལྔའི་འཆར་འགོད་བཅུ་བཞི་པ”དང2035ལོའི་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་ཇུས་འགོད་བཟོས་པས། ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཁྲི608ལ་སྐུལ་ལྕག་ཐེབས་ངེས་པའི་ཡིད་ཆེས་སྔར་ལས་བརྟན་པ་དང་། ངར་ཤུགས་སྔར་ལས་ཆེར་སྐྱེད། སྙིང་སྟོབས་སྔར་ལས་འཕེལ་བ་བཅས་ཀྱིས་མཚོ་སྔོན་གྱི་དེང་རབས་རྒྱང་སྐྱོད་ལམ་བུ་གསར་བའི་འཛུགས་སྐྲུན་གྱི་རླབས་ཆེའི་ལག་ལེན་ཁྲོད་ཞུགས་དགོས་པར་གསུངས།   

ཝང་ཅན་ཅུན་གྱིས་འདས་པའི་ལོ་ངོ་གཅིག་གི་ནང་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་སྟོན་དུ་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་གལ་ཆེན་ཐོབ་པ་དང་། དབུལ་ཐར་འགག་སྒྲོལ་ལ་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོབ་པས། “ལོ་ལྔའི་འཆར་འགོད་བཅུ་གསུམ་པའི”དམིགས་ཚད་དང་ལས་འགན་བདེ་ལེགས་ངང་ལེགས་གྲུབ་བྱུང་ནས་དུས་བཀག་ལྟར་རྒྱལ་ཡོངས་དང་མཉམ་དུ་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་ཐུབ་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱང་སྐྱོད་ལམ་བུ་གསར་པ་འཛུགས་སྐྲུན་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་ཆེན་དང་དམངས་ཆེན་འཐུས་མི་ཡོངས་ཀྱིས་དེའི་ཐད་ལ་དཀའ་སྤྱད་འབད་བརྩོན་དང་བྱས་རྗེས་བཞག་ཡོད། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བ་དང“ལོ་ལྔའི་འཆར་འགོད་བཅུ་བཞི་པ”འགོ་བརྩམས་པའི་ལོ་ཡིན་པས་ནུས་ཤུགས་ཡོད་རྒུས་དེང་རབས་ཅན་འཛུགས་སྐྲུན་གྱི་རྒྱང་སྐྱོད་ལམ་བུ་གསར་པར་སྐྱོད་པའི་མགོ་ལེགས་པར་རྩོམ་པ་དང་། རྒྱང་སྐྱོད་ལམ་བུ་གསར་པའི་གོམ་པ་དང་པོ་བརྟན་པོར་སྤོས་ཏེ“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་ལེགས་པོ་རྩོམ་པར་ཁག་ཐེག་བྱས་ནས། ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱིས་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་དགོས་ཞེས་བསྟན་པ་རེད།

ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”ལས་དོན་གྱི་མགོ་ཡག་པོ་འཛུགས་ཐུབ་པ་དང་གོམ་སྟབས་ཡག་པོ་སྤོ་བར་ཁག་ཐེག་བྱས་ཏེ་དར་ཆ་མཐོན་པོར་སྒྲེང་ནས་དད་སེམས་སྲ་བརྟན་དུ་གཏོང་དགོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེའི་དར་ཆ་མཐོན་པོར་སྒྲེང་བ་དང་། “འདུ་ཤེས་བཞི”གཏིང་ཟབ་དང་། “ཡིད་ཆེས་བཞི”སྲ་བརྟན། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ནས་ཆབ་སྲིད་ཀྱི་བརྡར་གཅོད་ནུས་པ་དང་། ཆབ་སྲིད་ཀྱི་གོ་རྟོགས་ནུས་པ། ཆབ་སྲིད་ཀྱི་ལག་བསྟར་ནུས་པ་བཅས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། ཁུར་པོ་ལྗིད་ཅིང་སྔར་བཞིན་མདུན་སྐྱོད་བྱས་ཏེ་དངོས་འཛིན་དངོས་སྒྲུབ་བྱེད་དགོས། ལྗིད་ཁུར་རི་འཛེག་དང་ཆུ་བོའི་གྱེན་དུ་གྲུ་གཏོང་བའི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ་འགན་འཁྲི་སེམས་ལ་འཛིན་པ་དང་། འགན་འཁྲི་ཕྲག་ཏུ་འཁུར་བ། འགན་འཁྲི་ལག་བསྟར་བྱེད་པ། ཉེན་ཁ་དང་འགྲན་སློང་གི་མདུན་དུ་དཀའ་ངལ་ལ་མི་སྐྲག་པ་དང་ཕྱིར་བཤོལ་མི་བྱེད་པ། ཁུར་པོ་ལྕི་མོ་འཁུར་ཕོད་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་པའི་ཁྲོད་སློབ་གསོའི་གོ་སྐབས་སྔོན་ལ་བཀོད་སྒྲིག་བྱེད་པ་བཅས་ཀྱི་འགན་འཁྲི་དང་བྱས་རྗེས་མངོན་པར་བྱེད་དགོས། དམིགས་འབེན་དམ་པོར་བཟུང་ནས་ཐོག་མའི་དམག་འཐབ་ཡག་པོ་རྒྱག་དགོས། དམངས་ལ་ཞབས་འདེགས་དང་གསར་གཏོད་འཕེལ་རྒྱས། དཀའ་སྤྱད་འབད་འཐབ་བཅས་ཀྱི་སྙིང་སྟོབས་དར་སྤེལ་བཏང་སྟེ་དམིགས་འབེན་ལ་དམ་པོར་དམིགས་ཏེ་ལྷོད་གཡེང་མི་གཏོང་བ་དང་། ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་ཏེ་ཏང་དང་མི་དམངས་ལ“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”དམག་འཐབ་ཐེངས་དང་པོར་རྒྱལ་ཁ་ཐོབ་པའི་རྒྱུགས་འབྲས་ཡག་པོ་ཞིག་དབུལ་བར་འབད་བརྩོན་བྱེད་དགོས། ཀུན་སེམས་གཅིག་སྒྲིལ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་སྐྱོད་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་བསྟར་བྱས་ནས་དྲིན་ཚོར་གྱི་བསམ་པ་འཆང་བ་དང་། འབད་འབུངས་ཡར་བརྩོན་གྱི་བློ་སྟོབས་སྤེལ་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། ངལ་རྩོལ་དཔེ་ལེགས་ཀྱི་སྙིང་སྟོབས་དང་། ངལ་རྩོལ་གྱི་སྙིང་སྟོབས། བཟོ་བའི་སྙིང་སྟོབས་དར་སྤེལ་གཏོང་དགོས་ལ། དགེ་མཚན་ལྡན་པའི་རྒྱུ་རྐྱེན་མཐའ་དག་སྐུལ་སློང་གང་ལེགས་བྱས་ཏེ་མི་རིགས་ཁག་གིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། དཀའ་སྤྱད་འབད་བརྩོན་སྒོས་རང་གི་ནུས་པ་དང་ནུས་རྩལ་སྦྱོང་བརྡར་བྱ་དགོས། གཟབ་ནན་སྒོས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ནུས་པ་སྦྱོང་བརྡར་གང་ལེགས་བྱས་ནས་ཏང་གིས་ཕྱོགས་ཡོངས་ལ་མགོ་ཁྲིད་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། འཕེལ་རྒྱས་ཀྱི་དུས་མཚམས་གསར་པ་ཁོང་དུ་ཆུད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ་བཅས་ཀྱི་ནུས་པ་ཆེ་རུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་། སྒོ་དབྱེ་རྒྱ་ཆེར་གཏོང་བ། མ་ལག་ཚང་བའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་མཚོ་སྔོན་གསར་པ་འཛུགས་སྐྲུན་གྱི་གོམ་སྟབས་བརྟན་བརླིང་ངང་ཡུན་རིང་དུ་སྐྱོད་ཐུབ་པར་ཁག་ཐེག་བྱེད་དགོས།

ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། མཚོ་སྔོན་དུ་བཅའ་སྡོད་བྱེད་པའི་དམག་དཔུང་ལས་ཁུངས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་། དྲག་ཆས་ཉེན་རྟོག་མཚོ་སྔོན་སྤྱི་ཁྱབ་རུ་ཁག་བཅས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་དག་ཚོགས་ཆེན་ལ་ཟུར་ཞུགས་གནང་བ་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད། 

རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་མཱ་ཀྲི་ཝེ་དང་། ཞིང་ཆེན་དམངས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་སུའུ་ཉིང་། དབང་མོ་བཅས་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུའི་སྟེང་བསྡད་ཡོད།

མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་འཐུས་མི་སོགས་གྲོས་ཚོགས་ལ་ཟུར་ཞུགས་བྱས།

རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་མཇུག་སྒྲིལ་བ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།