ཟི་ལིང་གྲོང་ཁྱེར་གྱི་ཕྱུགས་ལས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་60ལས་བརྒལ་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས21ཉིན་གསར་འགོད་པས་ཟི་ལིང་གྲོང་ཁྱེར་བསྡོམས་རྩིས་ཅུའུ་དང་ཞིང་ལས་གྲོང་གསེབ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2020ལོར་ཟི་ལིང་གྲོང་ཁྱེར་གྱི་ཕྱུགས་ལས་ཐོན་རྫས་ཀྱི་རིན་ཐང་སྒོར་དུང་ཕྱུར་60.724854ཟིན་པ་དང་། ལོ་གོང་མ་ལས་སྒོར་དུང་ཕྱུར8.623205འཕར་ཡོད། 

ཉེ་བའི་ལོ་ཤས་རིང་། ཟི་ལིང་གྲོང་ཁྱེར་གྱིས་ནོར་ལུག་རྒྱགས་གསོའི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བས་འབྲི་གཡག་དང་བོད་ལུག་གསོ་ཚད་ལོ་རེ་བཞིན་ཇེ་མང་དུ་ཕྱིན་པ་དང་། ལྷག་པར་དུ་བཤས་གླང་གསོ་ཚགས་འཕེལ་རྒྱས་མགྱོགས་པོ་བྱུང་ནས་ཕྱུགས་ལས་ཐོན་རྫས་རང་མཁོ་རང་སྤྲོད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ལ། ཕྱུགས་ལས་ཐོན་སྐྱེད་ཀྱི་གནས་བབ་བརྟན་པོ་བྱུང་ཡོད། དེང་རབས་ཕྱུགས་ལས་གཞན་སྒྱུར་རིམ་སྤོར་ཇེ་མགྱོགས་སུ་བཏང་སྟེ་གྲོང་ཁྱེར་གྱི་གཟན་རྩྭ་སྤྱི་ཆིང་ཁྲི4བཏབ་པ་དང་། འབྲི་གཡག་དང་བོད་ལུག་ཚད་ལྡན་ཅན་གྱི་གཞི་ཁྱོན་ཅན་གྱི་གསོ་ཚགས་ར་བ18བསྐྲུན་ཡོད། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ས་ཁོངས་དོ་དམ་འགན་འཁྲི་དོན་འཁྱོལ་བྱས་ཤིང་ཟི་ལིང་གྲོང་ཁྱེར་གྱིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་ལྟ་སྐུལ་དོ་དམ་ལམ་ལུགས་ཁག་བཙུགས་ནས་འཐུས་ཚང་དུ་བཏང་ལ། ཤ་རིགས་དང་སྔོ་ཚལ་ཁོངས་འདེད་མ་ལག་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ་དང་། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་དཔེ་འཐེན་ཞིབ་བཤེར་བྱེད་པའི་ལམ་ལུགས་འཐུས་ཚང་དུ་བཏང་སྟེ་གྲོང་ཁྱེར་རིམ་པས་སྣེ་ཁྲིད་ཅིང་རྫོང་དང་ཆུས་ཀྱིས་རྐང་འཛིན་བྱེད་པ། ཤང་གྲོང་གིས་རྨང་གཞི་བྱེད་པ། རྟེན་གཞིས་ཁ་གསབ་བྱེད་པའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལྟ་ཞིབ་ཚད་ལེན་དྲ་བ་ཆགས་པར་བྱས་ནས་ལོ་ཧྲིལ་བོར་ཞིང་ཕྱུགས་ཐོན་རྫས་ཁག་ཐེངས་ཁྲི1.3ལ་ཞིབ་དཔྱད་ཚད་ལེན་བྱས་ནས་རང་ཐོན་ཞིང་ཕྱུགས་ཐོན་རྫས་ཞིབ་བཤེར་ཚད་ལོན་ཚད99.6%ཟིན་ཡོད། 

2020ལོར། ཟི་ལིང་གྲོང་ཁྱེར་གྱིས་རང་དགར་བཤས་གསོད་དང་ཞིང་ལས་རྒྱུ་ཆ་རྫུས་མར་རྡུང་རྡེག “ཤ་སྣག་སྐྱེ་སྨན”སོགས་ཀྱི་ཆེད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་བཏང་ནས་གསོ་ཚགས་དང་། བཤས་གསོད། ལས་སྣོན། གཉེར་སྐྱོང་སོགས་ལྷུ་ཚིགས་ཁག་ལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་རིགས་སོ་སོའི་ཁྲིམས་འགལ་གྱོད་གཞི46ཞིབ་བཤེར་ཐག་གཅོད་བྱས་པ་དང་། རང་དགར་བཤས་གསོད་བྱ་ཡུལ16ཁྲིམས་ལྟར་མེད་པར་བཟོས་པ་རེད། སྲོག་ཆགས་ཀྱི་རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་དང་དཔྱིད་དབྱར་སྟོན་གསུམ་གྱི་སྲོག་ཆགས་ཀྱི་རིམས་འགོག་ལས་དོན་ལ་ཤུགས་སྣོན་བརྒྱབ་པ་བརྒྱུད། ཕྱུགས་རིགས་དང་བྱ་རིགས་ཀྱི་རིམས་འགོག་འདུས་ཚད100%ཟིན་པ་དང་། ས་ཁོངས་རང་བཞིན་གྱི་སྲོག་ཆགས་ཀྱི་རིམས་ནད་གནས་ཚུལ་ཚབས་ཆེན་དང་ཕྱུགས་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་དོན་རྐྱེན་མི་ཐོན་པའི་ཁག་ཐེག་ནུས་ལྡན་བྱས་པ་རེད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།