སྐྱེ་ཁམས་སྲུང་སྐྱོང་སྤྱི་ཕན་ལས་གནས་ཁྲི14.51གིས་གཙང་གསུམ་འབྱུང་ཡུལ་གཏན་སྲུང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2བའི་ཚེས2ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན“ཚོགས་འདུ་གཉིས”ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་སྲུང་སྐྱོང་སྤྱི་ཕན་ལས་གནས་ཁྲི14.51བཙུགས་ནས་གཙང་གསུམ་འབྱུང་ཡུལ་སྲུང་བ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དུ“ཁྱིམ་དུད་གཅིག་ལ་ལས་གནས་གཅིག”གི་དམིགས་ཚད་མངོན་འགྱུར་བྱུང་། 

མཚོ་སྔོན་ནི་མཚོ་བོད་མཐོ་སྒང་གི་ལྟེ་གནས་སུ་ཆགས་ཤིང་། དེ་ལ“གཙང་གསུམ་འབྱུང་ཡུལ”དང“ཀྲུང་ཧྭའི་ཆུ་མཛོད”ཅེས་པའི་མཚན་སྙན་ལྡན་པས་སྐྱེ་ཁམས་གནས་ཡུལ་གཙོ་གནད་ཅན་དང་ཁྱད་པར་ཅན་ཞིག་ཡིན། 

བསྡོམས་རྩིས་བྱས་པ་ལྟར་ན། ཞིང་ཆེན་ཡོངས་ཀྱིས་རྩྭ་ཐང་དང་། ནགས་ཚལ། འདམ་རའི་སྐྱེ་ཁམས་སྲུང་སྐྱོང་སྤྱི་ཕན་ལས་གནས་ཁྲི14.51བཙུགས་ཏེ། སྐྱེ་ཁམས་སྲུང་སྐྱོང་མི་སྣ་ཁྲི1.72ཀྱི་མི་རེ་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར2.16ཟིན་ནས་རོང་འབྲོག་མང་ཚོགས་ཀྱིས་སྐྱེ་ཁམས་ལ་བརྟེན་ནས་འཚོ་བ་ཇེ་ལེགས་སུ་སོང་ཡོད། 2020ལོར་མཚོ་སྔོན་གྱིས་སྐྱེ་ཁམས་ཁ་གསབ་སྲིད་ཇུས་ལག་བསྟར་བྱས་པ་བརྒྱུད་རོང་འབྲོག་མང་ཚོགས་ལ་ཐད་ཀར་དུ་རིགས་སོ་སོའི་ཁ་གསབ་དངུལ་སྒོར་དུང་ཕྱུར18.75སྤྲད་པ་རེད།

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”རིང་མཚོ་སྔོན་གྱིས་ཏན་ཏན་ཏིག་ཏིག་ངང་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་བྱས་ཏེ་རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྔར་ལས་ཇེ་བརྟན་དུ་བཏང་ལ། འདམ་རའི་རྒྱ་ཁྱོན་བརྟན་བརླིང་ངང་རྒྱལ་ཡོངས་ཀྱི་ཨང་དང་པོར་སླེབས་པ་དང་། ཨ་ཆེན་གངས་རྒྱབ་དེ་གཟུགས་འདས་ཤུལ་བཞག་རིག་གནས་ཁོངས་སུ་ཚུད་ནས་རང་རྒྱལ་གྱི་རྒྱ་ཁྱོན་ཆེས་ཆེ་བའི་འཛམ་གླིང་རང་བྱུང་ཤུལ་བཞག་ས་ཁུལ་དུ་གྱུར། མཚོ་སྔོན་པོའི་ཆུ་ཁོངས་རྒྱ་ཁྱོན་རིམ་བཞིན་ཇེ་ཆེར་སོང་ནས་གསེར་ཉའི་ཐོན་ཁུངས་གསོག་ཚད་སྲུང་སྐྱོང་མ་བྱས་སྔོན་དང་བསྡུར་ན་ལྡབ38ཀྱིས་མང་དུ་ཕྱིན་ལ། མཚོ་སྔོན་ནགས་ཚལ་ཁྱབ་ཚད6.3%ནས7.5%འཕར་ཡོད། རྩྭ་ཐང་ཕྱོགས་བསྡུས་སྤང་ཤུན་ཁྱབ་ཚད57.4%སླེབས་ཤིང་། སྲོག་ཆགས་གཙོད་ཀྱི་གྲངས་ཀ་ཁྲི2ནས་ཁྲི7ཙམ་ལ་སླེབས་པ་བཅས་མངོན་འགྱུར་བྱུང་། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།