ཞིན་ཁྲང་ཞིང་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་དཔལ་འབྱོར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་རིགས་ཁག་གི་མཉམ་འབྲེལ་ཚན་ཆུང་གྲོས་བསྡུར་ནང་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས1ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དང་ཧྲིན་ཀྲང་ཞིན་ཁྲང་ཞིང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་དཔལ་འབྱོར་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་རིགས་ཁག་གི་མཉམ་འབྲེལ་ཚན་ཆུང་གི་གྲོས་བསྡུར་ནང་ཞུགས་སྐབས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་བྱེད་པ་མཐའ་འཁྱོངས་དང་། རང་ངོས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་འཛུགས་པ། འཕེལ་རྒྱས་ཀྱི་གནད་འགག་དང་ཤུགས་རྒྱག་ས་འཚོལ་བ། སྲིད་ཇུས་ཀྱི་ཁེ་ཕན་འདང་ངེས་སྤྱོད་པ་བཅས་བྱས་ཏེ་ཉེན་ཁའི་ཁྲོད་གོ་སྐབས་གསོ་སྐྱོང་དང་འགྱུར་ལྡོག་ཁྲོད་དུས་བབ་གསར་བ་བསྐྲུན་པ། སེམས་ནུས་གཅིག་སྒྲིལ་གྱི་སྒོ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་བརྗོད། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་གྱིས་ཚོགས་འདུ་ལ་མགོ་འཛིན་གནང་བ་དང་། ཧྲིན་ཀྲང་གཞོན་པ་དང་ཞིང་ཆེན་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁོང་ཡུང་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཏུའུ་ཅེ་ཚོགས་འདུར་ཞུགས་ཡོད་པ་རེད།

ཚོགས་འདུའི་སྟེང་ཨུ་ཡོན་ཝང་ཀུའེ་ཡོན་དང་། ལིས་ཧྥང་རུའེ། ཝང་ཧྭ། ལིས་ཝེ། ལིས་དབྱི། ལཱ་ཧའེ་ཆིན་སོགས་ཀྱིས་བཟོ་ལས་དཔལ་འབྱོར་དང་། མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ། འཇོན་མིའིི་དཔུང་ཁག ལྗང་མདོག་འཕེལ་རྒྱས། འཐེན་ཐུག་དཔལ་འབྱོར། རྨ་ཆུའི་རིག་གནས་སོགས་དང་འབྲེལ་ནས་གཏམ་བཤད་སྤེལ། ཞིན་ཁྲང་ཞིང་གིས་ཨུ་ཡོན་རྣམ་པས་རང་སོ་སོའི་ཆེད་ལས་ལ་གཞི་བཅོལ་ནས་མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། སྲིད་གཞུང་གི་ལས་དོན་ཐད་ཡང་དག་གནད་ཁེལ་གྱི་ལྟ་ཚུལ་མང་པོ་བཏོན་པ་གནད་ལ་ཁེལ་བ་དང་། ལྟ་བ་གསལ་བ། བློ་སྒོ་འབྱེད་ཐུབ་པ་བཅས་བྱུང་བས་ང་ཚོས་ཞིབ་འཇུག་དང་བསྡུ་ལེན་ནན་ཏན་བྱེད་དགོས་ཞེས་བརྗོད།

ཞིན་ཁྲང་ཞིང་གིས་དཔལ་འབྱོར་སྙོམས་སྒྲིག་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས་སྤྱི་ཁོག་སྲིད་ཇུས་སྔར་བས་ཚན་རིག་དང་མཐུན་ལ་གནད་ཁེལ་ངང་དོན་འཁྱོལ་བྱེད་པ་དང་། ནོར་ཁྲལ་དང་དངུལ་རྩ། སྤྱི་ཚོགས་འགན་བཅོལ། ལས་ཞུགས། རྒྱུ་རྐྱེན་འགན་ལེན་སོགས་སྲིད་ཇུས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་བེད་སྤྱད་དེ་སྲིད་གཞུང་རང་བཞིན་གྱི་མ་དངུལ་བསྡུ་སྒྲིལ་གྱི་ཁག་ཐེག་ནུས་པ་སྔར་བས་ལེགས་པའི་སྒོ་ནས་འདོན་སྤེལ་བྱེད་དགོས། གཙོ་གནད་ཐོག་ཚན་རྩལ་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཐོན་ལས་འཕེལ་རྒྱས། མི་དམངས་བདེ་ཐང་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་ལག་བསྟར་བྱེད་པ། སྲོལ་རྒྱུན་ཐོན་ལས་རྩེ་གྲ་ཅན་དང་། རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་སྟོབས་ཆེར་གཏོང་བ། གཞི་གྲངས་དཔལ་འབྱོར་དང་དངོས་ཚན་དཔལ་འབྱོར། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། ཚྭ་མཚེའུ་ཕྱོགས་བསྡུས་བེད་སྤྱོད་སོགས་འཁོར་རྒྱུག་དཔལ་འབྱོར་ཐོན་ལས་སྦྲེལ་ཐག་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ་བཅས་བྱེད་དགོས། དངུལ་གཏོང་གི་སྒྲིག་གཞི་ཇེ་ལེགས་སུ་བཏང་ནས་གཙོ་གནད་རྣམ་གྲངས་ཁག་གཅིག་འཛུགས་སྐྲུན་མགོ་རྩོམ་པ་དང་གྲབས་གསོག་བྱེད་པའི་འཆར་གཞི་བཀོད་དེ་དམངས་ཁྲོད་མ་རྩ་གཙོ་གནད་ཁྱབ་ཁོངས་ཀྱི་རྣམ་གྲངས་ནང་གཏོང་བར་རྒྱབ་སྐྱོར་བྱས་ནས། ཁྲོམ་རའི་གཙོ་ཁྲིད་དངུལ་གཏོང་གི་ནང་གནས་འཕར་བའི་ལམ་སྲོལ་ཆགས་པར་སྐུལ་འདེད་གཏོང་དགོས། ལྗང་མདོག་ཐཱན་ཉུང་གི་འཁོར་རྒྱུག་འཕེལ་རྒྱས་ཀྱི་དཔལ་འབྱོར་མ་ལག་བསྐྲུན་ནས་ཁེ་ལས་འཕེལ་རྒྱས་ཀྱི“དཔལ་འབྱོར་རྣམ་པ་རིགས་བཞི”དང་མཉམ་འདྲེས་ཡོང་བ་བྱས་ཏེ། རང་ཉིད་སྟོབས་ཆེར་གཏོང་བ་དང་ཆབས་ཅིག་མཚོ་སྔོན་གྱི་འཕེལ་རྒྱས་ཆེད་སྒུལ་ནུས་ལེགས་སྐྱེས་སུ་དབུལ་དགོས། ཚོང་གཉེར་ཁོར་ཡུག་ཤུགས་ཆེན་པོས་ཇེ་ལེགས་སུ་བཏང་ནས“གློད་སྡོམ་ཞབས”གསུམ་གྱི་སྒྱུར་བཅོས་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་བ་དང་། རིགས་སོ་སོའི་ཁྲོམ་རའི་གཙོ་ཁྲིད་ཁེ་དབང་ཁྲིམས་ལྟར་སྲུང་སྐྱོང་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་ཇེ་མང་དུ་གཏོང་དགོས་ཞེས་ནན་གྱིས་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།