ཝང་ཅན་ཅུན་རྨ་ལྷོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ2པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་འཐུས་ཚོགས་ཆེན་གྲོས་ཚོགས་ཐེངས་དྲུག་པའི་རྨ་ལྷོའི་འཐུས་མི་ཚོགས་པའི་གྲོས་ཞིབ་ལ་ཞུགས། ཁོང་གིས་གསུང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་དམངས་ལྟེ་བ་ཡིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་འཛུགས་པ། མིའི་ཕྱོགས་ཡོངས་འཕེལ་རྒྱས་འགྲོ་བ་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་མདུན་སྐྱོད་འགྲོ་བར་ཏན་ཏན་ཏིག་ཏིག་གིས་རྨང་གཞི་འདིང་བར་དམིགས་ཏེ། ཐུན་མོང་ཕྱུག་འགྱུར་གྱི་རྨ་ལྷོའི་མ་དཔེ་བསྐྲུན་དགོས་ཞེས་གསུངས། 

གྲོས་ཞིབ་ཁྲོད། ཝང་ཀྲིན་ཁྲང་དང་། བསྟན་འཛིན། ཆོས་བཟང་སྒྲོལ་མ། གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ། ཝང་ཀྲན་ཧྭ། རིན་ཆེན་སྒྲོལ་མ། ཝང་ཞའོ་ཧྭ། ཀུན་འགྲུབ་ཚེ་རིང་སོགས་འཐུས་མིས་ས་གནས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས་བརྟན་བརླིང་།  རིག་གནས་ཡུལ་སྐོར་མཉམ་འདྲེས། དམིགས་བསལ་སློབ་གསོའི་བྱ་གཞག ཆོས་ལུགས་དང་དགོན་པའི་དོ་དམ། གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད། སྨན་བཅོས་འཕྲོད་བསྟེན་བཅོས་སྒྱུར། སྐྱེ་ཁམས་སྐྱེ་ལྡན་ཕྱུགས་ལས་འཕེལ་རྒྱས་སོགས་ཀྱི་བརྗོད་དོན་ལ་དམིགས་ནས་གཏམ་བཤད་སྤེལ། ཝང་ཅན་ཅུན་གྱིས་འཐུས་མི་རྣམས་ལ་བགྲོ་གླེང་མཛད་པས་ཚོགས་རར་གསོན་ཤུགས་ཀྱིས་ཁེངས། 

ཝང་ཅན་ཅུན་གྱིས་གསུང་དོན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་ཆབ་སྲིད་གླེང་ཞིང་ཁྲིམས་སྐྱོང་ལ་དང་དོད་ཆེ་བ། གསར་གཏོད་ལ་མཁས་པ། བྱས་རྗེས་མངོན་པར་བྱས་འདུག་ལ། ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་ནི་གོང་ཇུས་གཞི་དང་འབྲེལ་ཞིང་། འོག་མང་ཚོགས་དང་བསྟུན་པ་དང་། གནས་སྟངས་ཆེ་ལ་མིག་རྒྱང་རིང་། ཞིང་ཆེན་གྱི“ཁང་གཉིས”ཀྱི་བྱ་བའི་སྙན་ཞུས་ཁྲིམས་ཀྱི་ཆོས་ཉིད་དང་། དོན་དམ་པའི་ཆོས་ཉིད། འཇིག་རྟེན་པའི་ཆོས་ཉིད་བཅས་གླེང་ཡོད་ཅིང་། ཏང་ཀྲུང་དབྱང་གི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ། མིག་སྔར་ལ་རྐང་བཙུགས་ཏེ་རྒྱང་རིང་ལ་དམིགས་པ་བཅས་ཕུན་སུམ་ཚོགས་པའི་ངང་མཚོན་པར་བྱས་འདུག་པས། བདག་མཐའ་གཅིག་ཏུ་འཐད་པ་ཡིན་ཞེས་གསུངས། 

ཝང་ཅན་ཅུན་གྱིས་གསུང་དོན། ཉེ་བའི་ལོ་འགའི་རིང་ལ། རྨ་ལྷོའི་རྣམ་པར་འགྱུར་བ་ཆེན་པོ་བྱུང་ལ། “རི་ཆུའི་རྨ་ལྷོའི”མིང་རྟགས་ལེགས་པོ་ཞིག་བསྐྲུན་པ་དང་། “ཆུས་གསུམ་འཛུགས་སྐྲུན”ལ་ལམ་བུ་གསར་པ་བཙལ་པ། “ལྟེ་བ་གཅིག་དང་བཅོས་སྐྱོང་གསུམ”གྱི་རྣམ་པ་ཡག་པོ་བསྐྲུན་པ། དབུལ་ཐར་འགག་སྒྲོལ་ལ་གྲུབ་འབྲས་ལེགས་པོ་བླངས་པ། རྨང་གཞི་བརྟན་བརླིང་གི་ལས་སྲོལ་བཟང་པོ་ཞིག་བཏོད་པ་ནི། ཞིང་ཆེན་ཡོངས་ཀྱི་བོད་འབྲེལ་ཁུལ་གྱི་འཕེལ་རྒྱས་འགྱུར་ལྡོག་གི་བསྡུས་གཟུགས་ཤིག་ཏུ་གྲུབ་འདུག  གྲུབ་འབྲས་རྨད་དུ་བྱུང་བ་བླངས་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཡང་དག་པའི་མགོ་ཁྲིད་དང་འབྲལ་ཐབས་མེད་ལ། ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོ་དང་ཡང་འབྲལ་ཐབས་མེད་པར་མ་ཟད། རྨ་ལྷོའི་ཏང་སྲིད་མགོ་ཁྲིད་ཚན་ཁག་གི་བསམ་སྦྱོར་གཅིག་མཐུན་དང་ཁུལ་ཡོངས་ཀྱི་གོང་འོག་ཚང་མའི་དཀའ་སྤྱད་འབད་འཐབ་དང་ཡང་གཏན་ནས་ཁ་འབྲལ་ཐབས་མེད་ཅེས་གསུངས། 

ཝང་ཅན་ཅུན་གྱིས་གསུང་དོན། བཅོས་སྒྱུར་དང་འཕེལ་རྒྱས་བརྟན་བརླིང་གི་བྱ་བ་ཡོད་ཚད་ནི་ཐུན་མོང་ཕྱུག་འགྱུར་ལ་ཆ་རྐྱེན་བསྐྲུན་པ་དང་། ཐུན་མོང་ཕྱུག་འགྱུར་གྱི་དམིགས་འབེན་ལ་ཕྱོགས་ཏེ་མདུན་དུ་སྐྱོད་དགོས་ལ། ཐུན་མོང་ཕྱུག་འགྱུར་ལ་དམིགས་ཏེ་ཏན་ཏན་ཏིག་ཏིག་གིས་རྨང་གཞི་འདིང་དགོས། ཐུན་མོང་ཕྱུག་འགྱུར་གྱི་རྨ་ལྷོའི་མ་དཔེ་བསྐྲུན་པར་བསམ་བློ་ཕུན་སུམ་ཚོགས་པ་ཡིན་དགོས། རང་བྱུང་ཆ་རྐྱེན་ལ་དཀའ་སྡུག་ཆེ་ཡང་སྐྲག་དགོས་མེད། བསམ་བློ་ནི་ཆེས་རིན་ཐང་ཆེ་བའི་རྒྱུ་ནོར་དེ་ཡིན། རླབས་ཆེ་བའི་མི་རིགས་ཀྱི་སྙིང་སྟོབས་དང་དུས་རབས་ཀྱི་སྙིང་སྟོབས་ཀྱིས་མི་རེ་རེའི་བསམ་བློའི་གཞིས་ཁྱིམ་བསྐྲུན་དགོས། ཕྱི་དངོས་པོ་ལྟོས་བཅོས་ཀྱི་ཕྱུག་པོར་བསྒྱུར་དགོས། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་དགོས་མཁོ་དེ“ཡོད་མེད”ནས“བཟང་མི་བཟང”བར་འགྱུར་ལྡོག་བྱུང་བ་དང་། འཕེལ་རྒྱས་ཀྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་ཆུད་པར་བྱས་ནས་ཡོངས་ཁྱབ་རང་བཞིན་དང་རྨང་གཞི་རང་བཞིན། མས་སྐྱོར་རང་བཞིན་གྱི་དམངས་འཚོ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས། རིག་གནས་སྣ་མང་ཕྱུག་འདུས་ཡིན་དགོས། རིག་གནས་ཀྱི་ཡིད་ཆེས་བརྟན་པ་དང་། སྒོ་འབྱེད་ཁོག་ཡངས་ཀྱི་སྣ་མང་རིག་གནས་ཀྱི་རྒྱབ་ལྗོངས་འོག སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་དུ་འདེབས་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས། སྐྱེ་ཁམས་ཁོར་ཡུག་མཛེས་པའི་བཅུད་ཀྱིས་ཕྱུག་དགོས། སྐྱེ་ཁམས་ཁོར་ཡུག་ལེགས་པོ་ཞིག་ཡོད་པ་ནི་སྤྱི་ཕན་ཆེ་ཤོས་ཀྱི་དམངས་འཚོའི་བདེ་སྐྱིད་ཡིན་ལ། སླེབས་སྲིད་པའི་ཆེས་མཐོའི་ཚད་གཞིས་སྐྱེ་ཁམས་ལ་སྲུང་སྐྱོང་ལེགས་པོར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མེ་ཏོག་མཐོ་སྒང་ས་གཞི་ཆེན་མོའི་གང་སར་བཞད་དུ་འཇུག་དགོས། འཚོ་བ་ཤུགས་ཆེན་པོས་ཕྱུག་པོར་སྒྱུར་དགོས། དབུལ་ཐར་འགག་སྒྲོལ་གྱིས་ཐུན་མོང་ཕྱུག་འགྱུར་ལ་རྨང་རྡོ་བརྟན་པོ་བཏིངས་ཏེ། དྲིན་གཟོའི་སེམས་བཅངས་པ་དང་། ལག་པ་གཉིས་ལ་བརྟེན་ནས་གང་དགོས་དེ་བླངས་དང་གང་དགོས་དེ་ཐོབ། མི་དགའ་རང་སྐྱིད་ཀྱི་འཚོ་བ་གསར་དུ་བསྐྲུན་དགོས། འདོད་བློ་ངེས་པར་དུ་ཕུན་སུམ་ཚོགས་པ་ཡིན་དགོས། དམངས་སེམས་གཅིག་ཏུ་མཐུན་ན་རི་རབ་ཡིན་ཡང་སྒུལ་ཐུབ་པ་ལྟར། མང་ཚོགས་ཀྱི་སྡུག་བསྔལ་སེལ་བའི་བྱ་བ་མང་ཙམ་སྒྲུབ་པ་དང་། མང་ཚོགས་ཀྱི་དཀའ་ངལ་སེལ་བའི་ལས་དོན་ལ་རོགས་རམ་བྱས་ཏེ། དེང་རབས་ཅན་འཛུགས་སྐྲུན་ལ་དམངས་སེམས་མཐུན་པ་དང་། ངར་ཤུགས་རྒྱས་པ། འཆམ་མཐུན་བརྟན་བརླིང་ཡིན་པའི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས་ཞེས་གསུངས།  །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།