《ཨ་བོ་བྱིའུ་ཆུང་ཡིག་རིས་ཀློག་དེབ་དཔེ་ཚོགས》ཞེས་པའི་དེབ་དཀྱུས་མ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།

4.jpg

ཀྲུང་གོ་བོད་ཀྱིི་དྲ་བའི་འཕྲིན། ཉེ་སྔོན་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བོད་ཁུལ་གྱི་ལོ་ཆུང་བྱིས་པ་རྣམས་ལ་ཁ་གཏད་པའི་ཡིག་རིས་ཟུང་འབྲེལ་གྱི་ཀློག་དེབ《ཨ་བོ་བྱིའུ་ཆུང་ཡིག་རིས་ཀློག་དེབ་དཔེ་ཚོགས》ཞེས་པའི་དེབ་དཀྱུས་མ་དངོས་སུ་པར་སྐྲུན་འགྲེམ་སྤེལ་བྱས།

དཔེ་ཚོགས་འདི2019ལོར་སྤུས་ལེགས་ཅན་དུ་པར་སྐྲུན་བྱས་ཏེ་སྤྱི་ཚོགས་སྟེང་བཀྲམས་པར།  བོད་ཁུལ་གྱི་ལས་རིགས་སོ་སོའི་སྟེང་གི་ཤེས་ལྡན་པ་དག་གིས་འདིའི་རིན་ཐང་གི་ཆ་ལ་གདེང་འཇོག་མཐོན་པོ་གནང་བྱུང་བ་དང་།  ལྷག་པར་དུ་བོད་ཁུལ་གྱི་ཁྱིམ་བདག་དང་ལོ་ཆུང་བྱིས་པ་རྣམས་ཀྱིས་དགའ་བསུ་ཆེན་པོ་ཐོབ་པས།  ཚར་སྟོང་ལྷག་གཅིག་ཀྱང་མ་ལུས་པར་བཙོངས་ཚར།  ད་ལོ་མི་མང་པོ་ཞིག་གིས་ཁ་པར་དང་ཡིག་ལམ་ནས་བསྐྱར་དཔར་བྱ་རྒྱུའི་རེ་བ་བཏོན་བྱུང་བ་དང་།  སྤུས་ལེགས་ཡིན་རྐྱེན་རིན་གོང་གི་ཐད་ནས་ཅུང་མཐོ་དྲགས་འདུག་པའི་བསམ་འཆར་ཡང་བཏོན་བྱུང་བས།   ད་རེས་དེབ་ཀྱི་རིན་གོང་དང་རྩོམ་སྒྲིག་གི་སྤུས་ཀ་ཉིས་ཆ་ནས་བསམ་བློ་བཏང་སྟེ་དེབ་ཏུ་བྱུང་བའི་ནོར་བ་ཁ་ཤས་ལ་བཟོ་བཅོས་ཕྲན་བུ་བརྒྱབ་ཅིང་དེབ་དཀྱུས་མ་ཅན་དུ་པར་སྐྲུན་བྱས་པ་ཡིན། 

6.jpg

3.jpg

5.jpg

7.jpg

2.jpg

དཔེ་ཚོགས་འདིར་བྱིས་སྒྲུང་ཁག་ལྔ་ཡོད་པ་སྟེ།   དེ་དག་ནི《སྤྲེལ་ཕྲུག་པྲ་ཚག》དང《འབའ་འབའ་ལུ་གུ》《ཙི་གུ་དང་གླང་ཆེན》《ཨ་ཁུ་རྟ་རྒན》《རྒྱལ་པོའི་ལྭ་བ》བཅས་ཡིན།  བོད་རིགས་ན་ཆུང་བྱིས་པའི་སྐད་ཆའི་ནུས་པ་དང་ལྟ་ཀློག་གི་ནུས་པ།  ཉན་བཤད་ཀྱི་ནུས་པ་སྐྱེད་བསྲིང་བྱ་བར་དམིགས་ནས།  དེབ་གཟུགས་ཧྲིལ་བོ་རི་མོ་དང་ཡི་གེ  སྒྲ་གསུམ་མཉམ་དུ་སྦྲེལ་ཏེ་སྒྲུང་གི་བརྗོད་དོན་ཡོངས་སུ་རྫོགས་པར་བསྟན་ཡོད་པས།  བྱིས་པའི་ཀློག་འདོད་ཀྱི་སྤྲོ་བ་ངང་གིས་འདྲེན་ཐུབ་པ་དང་།  ལྷག་པར་དུ་སྒྲུང་གི་སྒྲིག་གཞི་དང་།  བྱུང་རིམ།  ཚིག་སྦྱོར་བཅས་ལ་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བ་དང་།  གོ་སྐོན་བློ་འགུགས་བྱེད་པ་དང་བྱིས་པའི་བློ་རིག་རྡོར་བའི་ཁྱད་ཆོས་ཀྱང་རང་ཆོས་སུ་མངའ་བ་ཡིན་ནོ། །

གཞན་ཡང་དཔེ་ཆའི་ཚོན་གྱི་སྡེབ་ཁ་དང་།  པར་གྱི་སྒྲིག་གཞི།  ཤོག་བུའི་རྒྱུ་སྤུས་སོགས་ཀྱང་ཚད་ལྡན་དུ་ཡོད་པ་དང་།  དེབ་ཀྱི་རྒྱབ་ཤོག་གཤམ་དུ་ཡོད་པའི“ཉན་ཐོས་འཇུག་ངོགས”ཞེས་པའི་རྩ་གཉིས་ཨང་རྟགས་བཤེར་ན་ཁ་པར་ལས་ཀྱང་སྒྲུང་ཐད་ཀར་གསན་ཐུབ་པ་འདི་དག་ཀྱང་གཞན་ལ་མེད་པའི་ཁྱད་ཆོས་འབའ་ཞིག་ཏུ་འདོད་དོ། །

རྩོམ་སྒྲིག་པ། ལྷ་སྒྲོན་མཚོ།

དཔྱད་མཆན 0 ཡོད།