ཝང་ཅན་ཅུན་མཚོ་ཤར་འཐུས་མི་ཚོགས་པར་ཕེབས་ཏེ་མཁར་གྲོང་གཅིག་གྱུར་གྱི་མཚོ་ཤར་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བྱེད་དགོས་ཞེས་གསུངས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས31ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཝང་ཅན་ཅུན་ཞིང་ཆེན་སྐབས་བཅུ་གསུམ་པའི་དམངས་འཐུས་ཚོགས་ཆེན་ཐེངས་དྲུག་པའི་མཚོ་ཤར་འཐུས་མི་ཚོགས་པའི་མཉམ་འབྲེལ་ཚོ་ཆུང་གི་གྲོས་ཞིབ་ལ་ཞུགས། ཁོང་གིས་གསུང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། ཁྱོན་ཡོངས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དངོས་འབེབས་བྱེད་པ་དང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཡང་དག་པར་ཁོང་དུ་ཆུད་པར་བྱས་ནས། འཕེལ་རྒྱས་གསར་པའི་འདུ་ཤེས་ལག་བསྟར་གཏིང་ཟབ་བྱེད་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མྱུར་ཏུ་བསྐྲུན་ནས། མཁར་གྲོང་གཅིག་གྱུར་གྱི་མཚོ་ཤར་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས། 

གྲོས་ཞིབ་ཁྲོད། ཉོའུ་ཁྲིན་ཡུང་དང་། ཝང་ལིན་ཧུའུ། ཧོང་གོ་ཅུན། དབྱང་ཧེ་ལིན། ཧན་ཞིན་པིན། ལི་ཧྲུའུ་མཱེ། ཀྲོའུ་ཅན་པང་། ཀྲའོ་ཁྲང་ཧུང་སོགས་འཐུས་མིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། དེང་རབས་ཅན་གྱི་འཛུགས་སྐྲུན། བཟོ་ལས་གླིང་ཐོན་ལས། ལན་གྲུ་དང་ཟི་ལིང་གྲོང་ཁྱེར་ཚོགས་པ། རྫོང་ཁོངས་དཔལ་འབྱོར། སྡེ་བ་རིམ་པའི་སྐབས་བརྗེ་དང་གྲོང་གསེབ་དར་རྒྱས། ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས། སྐྱེ་ཁམས་དཔལ་ཡོན་སོགས་ཀྱི་བརྗོད་གཞིར་དམིགས་ནས་གཏམ་བཤད་སྤེལ། ཝང་ཅན་ཅུན་གྱིས་ཞིབ་ཏུ་གསན་ནས་ཟིན་བྲིས་བཀོད་པ་དང་། སྐབས་སྐབས་སུ་འཐུས་མི་རྣམས་དང་གསུང་གླེང་མཛད་པས། ཚོགས་རའི་རྣམ་པ་གསོན་ཤུགས་ཀྱིས་ཡོངས་སུ་ཁེངས་ཡོད། 

ཝང་ཅན་ཅུན་གྱིས་གསུང་དོན། ད་ལོའི་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུ་ལ་འབུར་དུ་ཐོན་པའི་ཁྱད་ཆོས་ཤིག་མངོན་པ་ནི“གསར་པ”རེད། དེ་ནི་དུས་རབས་གསར་པར་བསྐྱོད་པ་དང་། དུས་རིམ་གསར་པ་ཁོང་དུ་ཆུད་པ། འདུ་ཤེས་གསར་པ་ལག་ཏུ་བསྟར་བ། རྣམ་པ་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་བསྒྲགས་གཏམ་ཞིག་ཡིན་ལ། “ལོ་ལྔའི་འཆར་འགོད་བཅུ་བཞི་པར”གདོང་ཕྱོགས་ཏེ་གཏམ་གསར་པ་བཤད་པ་དང་། སྲིད་ཇུས་གསར་པ་འབེབས་པ། ཐབས་ཇུས་གསར་པ་འདོན་པ། ལས་དོན་གསར་པ་སྒྲུབ་པ། ལམ་བུ་གསར་པར་སྐྱོད་པའི་བློ་གྲོས་ཀྱི་ཉིང་བཅུད་ཡིན་པར་མ་ཟད། མི་དམངས་ལ་འགན་ཁུར་བ་དང་། འཐུས་མི་དང་ཨུ་ཡོན་གྱི་ལྟ་སྐུལ་དང་དུ་ལེན་པའི་འགན་སྒྲུབ་ཀྱི་ཁས་ལེན་ཡིན་ལ། རང་ཞིང་གི“ལོ་ལྔའི་འཆར་འགོད་བཅུ་བཞི་པའི”འཕེལ་རྒྱས་བསམ་འཆར་དང་འཆར་འགོད་རྩ་གནད་ཡང་བསྐྱར་གཏིང་ཟབ་མོ་དང་གནད་གྲིལ་བ། མཐོར་བཏེགས་པ་ཞིག་ཀྱང་ཡིན་པས། སྙན་ཞུ་ལ་ཡོངས་སུ་འཐད་པ་ཡིན་ཞེས་གསུངས། 

ཝང་ཅན་ཅུན་གྱིས་ན་ནིང་མཚོ་ཤར་གྱིས་རིམས་ནད་འགོག་སྡོམ་དང་དཔལ་འབྱོར་འཕེལ་རྒྱས། དབུལ་ཐར་འགག་སྒྲོལ། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་སྲུང་སྐྱོང་། གཞི་རིམ་བཅོས་སྐྱོང་སོགས་ཀྱི་ཐད་ནས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད་པ་དང་། ཁོང་གིས་གསུང་དོན། ཕྱོགས་ཡོངས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་དགོངས་དོན་དངོས་འབེབས་བྱས་ཏེ། རྒྱལ་ཁབ་ཀྱིས་ད་སྔ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ཁོང་དུ་ཆུད་པ་དང་། རང་སྟེང་གི་ལྟོས་བཅས་ཀྱི་ལེགས་ཆ་ལེགས་པར་རྟོགས་པ། སྒྲུབ་ཐུབ་པའི་དོན་དག་ལ་བསམ་བློ་ཞིབ་མོ་གཏོང་བ། ཐག་གཅོད་བྱེད་ཐབས་འཚོལ་བ་བཅས་བྱས་ནས། མཁར་གྲོང་གཅིག་གྱུར་གྱི་མཚོ་ཤར་གསར་པ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། “ལོ་ལྔའི་འཆར་འགོད་བཅུ་བཞི་པའི”མགོ་ལེགས་པོར་རྩོམ་པར་ཁག་ཐེག་བྱེད་དགོས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་གཞི་ལ་ཇུས་འགོད་བྱེད་དགོས། “ལས་གཞི་ཀུན་ལས་མཆོག་ཏུ་གྱུར་པའི”འདུ་ཤེས་བརྟན་པོར་འཛུགས་པ་དང་། མིག་སྔར་ལ་རྐང་བཙུགས་ནས་རྒྱང་རིང་ལ་བློ་ཕྱོགས་པ། ཁྲོམ་རའི་གསོ་ཚད་དང་འཇོན་མི་འཚམ་ཚད་གཉིས་མཉམ་དུ་འཛིན་པ། འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་ལ་ཡར་སྐྱེད་རང་བཞིན་བཟང་བའི་ལས་གཞི་ཧུར་བརྩོན་གྱིས་ཇུས་འགོད་བྱས་ནས། ལས་གཞི་རྩ་བ་ཟུག་ཟུག་ནས་མེ་ཏོག་བཞད་པ་དང་འབྲས་བུ་སྨིན་པར་བྱེད་དགོས། སྤུས་ཚད་མཐོ་བའི་ཐོན་ལས་གསོ་སྤེལ་བྱེད་དགོས། ལེགས་ཆ་ཅུང་ཟད་འཛོམས་པའི་རྨང་གཞི་སྟེང་ནས་ལྟོས་མེད་ཀྱི་ལེགས་ཆར་རྐང་འཛུགས་པ་དང་། བདེན་སྲུང་གསར་གཏོད་བྱེད་པ་རྒྱུན་འཁྱོངས་དང་། མི་དམངས་ཀྱི་ཡོང་འབབ་འཕར་བ་དང་ས་གནས་ཀྱི་ཁྲལ་འབབ་འཕར་བའི་ཁྱད་ལྡན་ཐོན་ལས་གསོ་སྐྱོང་བྱེད་པ། ཐོན་ལས་དང་པོ་དང་གཉིས་པ། གསུམ་པ་བཅས་ཀྱི་མཉམ་འདྲེས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་དགོས། སྤུས་ཚད་མཐོ་བའི་ཁྱབ་ཚུལ་ལེགས་སྒྲིག་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་གི་སྔོན་འགྲོའི་ཆ་རྐྱེན་འོག ཤང་གྲོང་རྣམ་པར་དམིགས་ནས་བྱེད་ནུས་ཀྱི་གྲུབ་ཚལ་ལེགས་སྒྱུུར་བྱེད་པ་དང་། ཡུལ་དུས་མི་གསུམ་ལ་བལྟོས་ནས་ཇུས་བསྟར་བ། ཆོས་ཉིད་ལ་བརྩི་འཇོག་བྱེད་པ། གནས་ལུགས་ལ་མཐོང་ཆེན་བྱས་ཏེ། རྒྱུན་མཐུད་འཕེལ་རྒྱས་ལ་བར་སྟོང་འཇོག་དགོས། སྤུས་ཚད་མཐོ་བས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། མི་དམངས་ལྟེ་བ་ཡིན་པ་རྒྱུན་འཁྱོངས་དང་། འགྲོ་འདུག་སྤྱོད་གསུམ་སྟབས་བདེ་དང་སྐྱེ་རྒ་ན་འཆི་ལ་འགན་སྲུང་ཡོད་པ། བདེ་སྡོད་ལས་བརྩོན་ལ་གཏད་སོ་ཡོད་པ་བཅས་ལ་དམིགས་ཏེ། ཕྱོགས་བསྡུས་ཐེག་ནུས་མཐོར་འདེགས་སུ་གཏོང་བ་དང་། དྲོད་ཁོལ་ཡོད་པ་དང་ནང་བཅུད་འཛོམས་པ། རྒྱུ་སྤུས་ཡོད་པའི་གྲོང་ཁྱེར་འཛུགས་སྐྲུན་བྱེད་དགོས། སྤུས་ཚད་མཐོ་བའི་དོ་དམ་ཇེ་དྲག་ཏུ་གཏོང་དགོས། གྲོང་ཁྱེར་དོ་དམ་ཆུ་ཚད་དང་མི་དམངས་ཀྱི་ཉིན་རེར་འཕེལ་རྒྱས་འགྲོ་བཞིན་པའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟུང་འབྲེལ་བྱས་ཏེ། འཕེལ་རྒྱས་དང་བདེ་འཇགས་སྤྱི་འདོམས་ལེགས་པོར་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་སྔར་བས་ཐོབ་སྣང་དང་སྐྱིད་སྣང་བདེ་སྣང་བཅས་ཀྱི་ཕྱུག་པའི་ཐོན་སྐྱེད་འཚོ་བའི་ཁོར་ཡུག་ཅིག་གསར་སྐྲུན་བྱེད་དགོས་ཞེས་གསུངས། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།