ཝང་ཅན་ཅུན་མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བའི་མཉམ་འབྲེལ་ཚན་ཆུང་གི་བགྲོ་གླེང་ཚོགས་འདུའི་སྟེང་ཞུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས31ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཅན་ཅུན་གྱིས་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་གྲངས་ཉུང་མི་རིགས་དང་། ཆོས་ལུགས་ལས་རིགས་ཁག་གི་ཨུ་ཡོན་ལ་འཚམས་འདྲི་བྱས་པ་མ་ཟད། རྒྱ་ཆེའི་ཨུ་ཡོན་ཚོར་ལོ་སར་གྱི་སྨོན་འདུན་ཞུས་པ་དང་། མཉམ་འབྲེལ་ཚན་ཆུང་གི་ཚོགས་འདུའི་སྟེང་ཞུགས་ཏེ་བསམ་འཆར་ལ་ཉན། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རྡོ་རྗེ་རབ་བརྟན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རིན་ཆེན་རྣམ་རྒྱལ། ཏུའུ་ཅའེ། མཱ་ཧའེ་དབྱིན་བཅས་ཚོགས་འདུར་ཞུགས། 

མཉམ་འབྲེལ་ཚན་ཆུང་ཚོགས་འདུའི་སྟེང་། རིན་ཆེན་རྣམ་རྒྱལ་དང་མ་ཡུའེ་ཞང་། ཝང་ཧྭ་ཕིན། ཐུང་ཕིན་ཨན། རྒྱ་ཡེ་བློ་བཟང་དཀོན་མཆོག་བསམ་འཕེལ། ཨུ་ཁྲུང་རོང་སོགས་ཨུ་ཡོན་གྱིས་བོད་བརྒྱུད་ནང་བསྟན་དང་སྤྱི་ཚོགས་རིང་ལུགས་སྔོན་ཐོན་རིག་གནས་གཉིས་མཚམས་མཐུན་ཡོང་བར་སྣེ་ཁྲིད་དང་། ཆོས་ལུགས་ལས་རིགས་ཁག་གི་འཐུས་མིའི་བྱེད་ནུས་འདོན་སྤེལ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་སྲ་བརྟན།མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་དང་། དུས་རབས་གསར་བའི་ཆོས་ལུགས་ལས་རིགས་ཁག་གི་མི་སྣ་བཟང་བོ་བྱེད་པ། རིགས་སོ་སོའི་མི་རིགས་བར་གྱི་འགྲོ་འོང་བརྗེ་རེས་མཉམ་འདྲེས་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་གཏམ་བཤད། ཝང་ཅན་ཅུན་གྱིས་ནན་ཏན་སྒོས་ཉན་པ་དང་ཟིན་བྲིས་བཀོད། ཁོས་བསྟན་དོན། སྲིད་གྲོས་ཨུ་ཡོན་གྱིས་ཐུན་མོང་གི་དམིགས་འབེན་གཅིག་གི་ཆེད་དུ་མཉམ་དུ་འཛོམས་པ་ཡིན་ཞིང་། ཐུན་མོང་གི་གླེང་གཞི་གཅིག་གི་ཆེད་དུ་རང་རང་གི་ལྟ་ཚུལ་ལྷུག་པོར་བརྗོད་པ་ཡིན་ལ། ཐུན་མོང་གི་ལས་འགན་གཅིག་གི་ཆེད་དུ་ཐབས་འདོན་ཇུས་འབུལ་བྱས་པ་ཡིན་པས། འབྲེལ་ཡོད་སྡེ་ཁག་གིས་ལུགས་མཐུན་སྒོས་བསམ་འཆར་ལ་ཞིབ་འཇུག་དང་བསྡུ་ལེན་བྱེད་དགོས་ཞེས་བསྟན། 

ཝང་ཅན་ཅུན་གྱིས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུས་ཏང་ཀྲུང་དབྱང་གི་དགོངས་དོན་ལེགས་པོར་དྲིལ་སྒྲོག་བྱས་པ་དང་། མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོ་ཞིབ་བརྗོད་བྱས་ཤིང་། དུས་བསྟུན་བབ་བསྐྱོད་ཀྱི་རི་མོ་གསར་བ་བྲིས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་འཚོ་བ་གསར་བའི་རེ་སྒུག་མངོན་པར་མཚོན་པས། དེ་ནི་ཐབས་ཇུས་ཟབ་ལ་དངོས་དོན་ལ་བརྩོན་པའི་སྙན་ཞུ་ལེགས་པོ་ཞིག་རེད། ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུས་བསམ་བློའི་ཆབ་སྲིད་ཀྱི་སྣེ་ཁྲིད་གཙོར་བཟུང་བ་དང་། མཐུན་སྒྲིལ་དང་མཉམ་འབྲེལ་རྩ་དོན་ཡིན་པ། དཀྱིལ་སྙིང་གི་ཞབས་ཞུ་སྤྱི་ཡོངས་དང་དམ་དུ་འབྲེལ་བ་བཅས་ཀྱི་བརྗོད་དོན་གསལ་ཞིང་། དེ་ནི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་ཡིད་ཚིམས་ཤིང་། རིགས་སོ་སོ་དང་ལས་རིགས་ཁག་སོ་སོའི་ཁས་ལེན་བྱེད་པའི་འབྲས་བུ་བཟང་བོ་ཞིག་ཡིན་པས། ང་རང་སྙན་ཞུ་དེ་གཉིས་ལག་ཡིད་འཐད་བྱུང་ཡོད་ཟེར།

ཝང་ཅན་ཅུན་གྱིས་བཤད་རྒྱུར། འདས་པའི་ལོ་ངོ་གཅིག་ནི་སྤྱིར་བཏང་མིན་པའི་ལོ་གཅིག་ཡིན་ཞིང་། ང་ཚོས་ཛ་དྲག་གི་ཉམས་སེད་ཐེག་ཡོད་ལ། ཉམས་སེད་ཀྱི་མདུན་དུ། མི་རིགས་ཆོས་ལུགས་ལས་རིགས་ཁག་གིས་ཏང་གི་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བ་དང་ཀྲུང་དབྱང་གི་བོད་ལྗོངས་བྱ་བའི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་དགོངས་དོན་ལ་སློབ་སྦྱོང་བྱས་ཤིང་། མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་དང་། རིམས་ནད་འགོག་བཅོས་ཚོད་འཛིན། དབུལ་ཐར་མཁྲེགས་གཏོར་སོགས་ཀྱི་ཐད་བྱས་རྗེས་འཇོག་པར་རོགས་འདེགས་བྱས། མི་རིགས་བྱ་བ་དང་ཆོས་ལུགས་བྱ་བ་ནི་ཏང་གི་བྱ་བ་གལ་ཆེན་ཞིག་ཡིན་ཞིང་། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་མདུན་སྐྱོད་གསར་བའི་བགྲོད་ལམ་སྟེང་འབད་བརྩོན་གྱིས་བསྐྱོད་པ་དང་། ཚང་མ་ནི་མཚོ་སྔོན་དེང་རབས་ཅན་འཛུགས་སྐྲུན་བྱེད་མཁན་དང་སྐུལ་འདེད་གཏོང་མཁན་ཡིན། ཏང་ཀྲུང་དབྱང་བཟང་བ་དང་རྒྱལ་ཁབ་བཟང་བ། མི་རིགས་བཟང་བ། ཆོས་ལུགས་བཟང་བའི་དོན་དངོས་ཀྱི་མཚན་ཉིད་ལ་ངེས་ཤེས་ཡོད་དགོས་པ་དང་། རང་འགུལ་སྒོས་ཏང་གི་ཁ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲངས་ནས། ཏང་ལ་གཅེས་པ་དང་མེས་རྒྱལ་ལ་དགའ་བ། དབུ་ཁྲིད་ལ་དགའ་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དང་ཆོས་ལུགས་ཀྲུང་གོ་ཅན་གྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ནས། མི་རིགས་འཆམ་མཐུན་དང་ཆོས་ལུགས་ཞི་མཐུན་གྱི་མིག་དཔེ་བསྐྲུན་དགོས། ལས་དོན་ཡོད་ན་གྲོས་མོལ་དང་། མི་མང་པོའི་ལས་དོན་ལ་མི་མང་པོས་བགྲོ་གླེང་དང་། ཕན་ཚུན་བརྩི་བཀུར་དང་སློབ་སྦྱོང་། རོགས་རམ། མཉམ་དུ་ཡར་རྒྱས་བཅས་བྱས་ནས། མི་གཞན་དང་སྤྱི་ཚོགས་ལ་ཞབས་ཞུ་སྒྲུབ་པའི་ཁྲོད་རང་ཉིད་ཀྱི་རིན་ཐང་མངོན་འགྱུར་བྱས་སྟེ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་ཐུན་མོང་གིས་མཐུན་སྒྲིལ་འབད་བརྩོན་དང་མཉམ་དུ་ཡར་རྒྱས་སུ་འགྲོ་བའི་དྲང་ནུས་གཅིག་དྲིལ་ཡོང་བར་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།