ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་སོགས་ཀྱིས་ཞིང་ཆེན་དམངས་འཐུས་ཚོགས་ཆེན་ལ་ཞུགས་པའི་འཐུས་མི་ལ་འཚམས་འདྲི་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1ཚེས29ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཞིན་ཁྲང་ཞིང་སོགས་ཞིང་ཆེན་གྱི་འགོ་ཁྲིད་དག་འཐུས་ཚབ་ཚོགས་པ་སོ་སོར་སོང་ནས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པར་ཞུགས་པའི་འཐུས་མི་རྣམས་ལ་འཚམས་འདྲི་བྱས།

ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་བཤད་རྒྱུར། འདས་པའི་ལོ་གཅིག་ནང་། ཞིང་ཆེན་གོང་འོག་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག དཀའ་ངལ་དང་འགྲན་རྩོད་ཁྱད་སེལ་བྱས་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱས་ནས། གྲུབ་འབྲས་གཡུར་དུ་ཟ་བ་བླངས་པ་དང་། སྤྱིར་བཏང་མིན་པའི་ལོ་གཅིག་བརྒལ། ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་འཁོར་བརྒྱ་ལོན་པའི་ལོ་དང་ལོ་ལྔའི་འཆར་འགོད་བཅུ་བཞི་པ་ལག་བསྟར་བྱེད་མགོ་རྩོམ་པའི་ལོ་ཡིན་པས། འཐུས་མི་ཚོས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་རང་རྟོན་བཞི་ཇེ་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་དོན་འཁྱོལ་བྱེད་པ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་བའི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལོ་རྒྱུས་རྩོམ་དགོས་ཟེར།

ཝང་ཅན་ཅུན་དང་ཞིན་ཁྲང་ཞིང་གཉིས་ཀྱིས་ལོ་གཅིག་ལ་ཐེངས་གཅིག་བསྡུ་བའི་ཞིང་ཆེན་དམངས་ཆེན་འཐུས་མིའི་ཚོགས་ཆེན་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཡིན་པས། ཚང་མས་ཆབ་སྲིད་ཀྱི་འགན་འཁྲི་འདུ་ཤེས་མཐོན་པོ་དང་སྤོབས་པ་ཆེན་པོ་བཅངས་ནས། འཐུས་མིའི་འགན་འཁྲི་ལག་བསྟར་བཟང་བོ་བྱེད་པ་དང་། བློ་རིག་འདོན་སྤེལ་བྱེད་པ། སྙན་ཞུ་ཡིག་ཆར་གྲོས་ཞིབ་བཟང་བོ་བྱེད་པ། འདེམ་བསྐོ་བྱ་བ་ཡོངས་འགྲུབ་བྱེད་པ། གྲོས་ཚོགས་ཀྱི་དར་སྲོལ་དང་སྒྲིག་ལམ་ལ་སྲུང་སྐྱོབ་བྱེད་པ། མ་འོངས་འཕེལ་རྒྱས་ཀྱི་མཛེས་སྡུག་གི་འཆར་གཞི་བཟང་པོར་འགོད་པ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ནས་མཉམ་དུ་འབྱོར་ཕྱུག་ཏུ་བསྒྱུར་བའི་དམིགས་འབེན་ལ་ཁ་ཕྱོགས་ནས་མདུན་སྐྱོད་བྱེད་དགོས་ཟེར།

འཐུས་མི་ཚོས་མཐའ་གཅིག་ཏུ། ཚོགས་ཆེན་གྱི་བཀོད་སྒྲིག་སྣ་ཚོགས་བརྩི་སྲུང་ནན་མོ་བྱེད་པ་དང་། ཚོགས་ཆེན་གྱི་ལས་འགན་སྣ་ཚོགས་ཡོངས་འགྲུབ་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་རེ་སྒུག་དང་མངག་བཅོལ་སྟོང་ཟད་དུ་མི་གཏོང་བ་ཁོ་ཐག་ཡིན་ཟེར།

ཝང་ཡུས་ཡན་དང་ཡུས་ཚོང་ལི། ཀྲང་ཀོང་རོང་། མཱ་ཝེ། ཀའོ་ཧྭ། ཝུའུ་ཧའེ་ཁུན་བཅས་ཀྱིས་མཉམ་དུ་འཚམས་འདྲི་བྱས། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།