མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པས་གྲ་སྒྲིག་གྲོས་ཚོགས་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1ཚེས29ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ཚོགས་ཁང་ཆེན་མོའི་ནང་གྲ་སྒྲིག་གྲོས་ཚོགས་བསྡུས། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་འཐུས་མིའི་ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་གྱ་གཅིག་ཡོད་པ་དང་། འཐུས་མི་སུམ་བརྒྱ་དང་གྱ་གཅིག་གྲ་སྒྲིག་ལ་དངོས་སུ་ཞུགས་པས། ཁྲིམས་བཀོད་མི་གྲངས་དང་མཐུན།

ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝང་ཅན་ཅུན་དང་། ཀྲུའུ་རིན་གཞོན་པ་ཀྲང་ཀོང་རོང་དང་། མཱ་ཝེ། ཀའོ་ཧྭ། ཉི་མ་སྒྲོལ་མ། ཉིའོ་ཁྲིན་ཡུན། ཝུའུ་ཧའེ་ཁུན། ལིའུ་ཐུང་ཏི། དྲུང་ཡིག་ཆེན་མོ་ཅ་དབྱིན་ཀྲུང་བཅས་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

གྲོས་ཚོགས་ལ་ཀྲང་ཀོང་རོང་གིས་འགོ་མཛིན་བྱས་པ་དང་། གྲོས་ཚོགས་ཀྱི་གྲོས་རིམ་བསྡོམས་པས་གསུམ་ཡོད་དེ།

གཅིག ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོའི་འདེམ་བསྐོ་བྱེད་པ།

གཉིས། གྲོས་ཚོགས་ཀྱི་གྲོས་རིམ་འཆར་ཟིན་ལ་བརྡས་ཐག་གཅོད་པ།

གསུམ། འཐུས་ཚབ་ཚོགས་པའི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་མིང་ཐོ་དྲིལ་སྒྲོག་བྱེད་པ་བཅས་རེད།

ཚོགས་ཐོག་ཏུ་རིམ་པ་བཞིན་གོང་གསལ་གྱི་གྲོས་རིམ་གསུམ་པོར་གྲོས་འཆམ་བྱུང་། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།