ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བས་ཚན་ཆུང་བགར་ཏེ་གྲོས་བསྡུར་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1ཚེས29ཉིན་གྱི་ཕྱི་དྲོར།   ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས་ཚན་ཆུང་བགར་ཏེ་སྲིད་གྲོས་སྐབས་བཅུ་གཉིས་པའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གསུམ་པའི་ཚུན་གྱི་གྲོས་འདོན་བྱ་བའི་གནས་ཚུལ་ཐད་ཀྱི་སྙན་ཞུར་གྲོས་ཞིབ་བྱས།

ཚན་ཆུང་བགར་ཏེ་གྲོས་ཞིབ་བྱེད་པའི་སྐབས།  ཨུ་ཡོན་རྣམས་ཀྱིས་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་དང་གདེང་འཇོག་གང་ལེགས་བྱས།  ཚང་མས་བལྟས་ན།  ཉིས་སྟོང་ཉི་ཤུ་ལོ་ནི་ཧ་ཅང་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན་པ་དང་།   སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱས་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན།   ཞིང་ཆེན་སྲིད་གྲོས་དང་དེ་མིན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་འོག    ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྲིད་གྲོས་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་པ་དང་།   བྱ་བའི་སྤྱི་ཡོངས་ལ་རྒྱལ་ཁ་ཕུ་ཐག་གཅོད་པ་ལེན་པར་དམ་དུ་དམིགས་པ།   འགན་འཁྲི་ནན་སྒྲུབ་དང་ཐུན་མོང་གི་འདུ་ཤེས་ཆེ་རུ་བཏང་བ།   བྱ་བ་སོ་སོའི་ཐད་འཕེལ་རྒྱས་གསར་པ་བྱུང་བ་བཅས་བྱས་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པ་དང་།  སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ལ་སྐུལ་འདེད་གཏོང་བ།    མཚོ་སྔོན་གསར་པ་མགྱོགས་མྱུར་འཛུགས་སྐྲུན་བྱེད་པའི་ཐད་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་ཕུལ་ཡོད།   སྙན་ཞུ་གཉིས་ནི་བདེན་འཚོལ་དངོས་གཉེར་དང་བསམ་ཕྱོགས་གསལ་བ།   གཙོ་གནད་འབུར་ཐོན་ཡིན་པ།   འགན་འཁྲི་གཏན་ཁེལ་གསལ་བོ་བཅས་བྱས་ཡོད་པས་ཞིང་ཆེན་སྲིད་གྲོས་ཀྱིས་བསམ་བློ་ཆབ་སྲིད་འཛུགས་སྐྲུན་ཐད་ནུས་ཤུགས་གསར་པ་བཏོན་པ་དང་།   དཔལ་འབྱོར་སྤྱི་ཚོགས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བའི་ཐད་བྱེད་ཐབས་གསར་པ་སྤྱད་པ།    དམངས་ཚིས་ཕྱུག་འགྱུར་ལ་རོགས་འདེགས་བྱེད་པའི་ཐད་གྲུབ་འབྲས་གསར་པ་ཐོབ་པ།    འགན་སྒྲུབ་ནུས་པའི་ཐད་མཐོར་འདེགས་གསར་པ་བྱུང་བ་བཅས་གསལ་བོར་མངོན་ཡོད་པར་འདོད།

ཨུ་ཡོན་རྣམས་ཀྱིས་བསྟན་དོན།    ཉིས་སྟོང་ཉེར་གཅིག་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་བཙུགས་ནས་ལོ་བརྒྱ་འཁོར་བའི་ལོ་ཡིན་པ་དང་།  ལོ་ལྔའི་འཆར་འགོད་བཅུ་བཞི་བའི་འཆར་འགོད་ལག་བསྟར་དང་བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་བགྲོད་ལམ་གསར་པ་འགོ་རྩོམ་པའི་ལོ་ཡིན་པས།   མི་དམངས་སྲིད་གྲོས་བྱ་བ་བཟང་བོར་བསྒྲུབ་པར་དོན་སྙིང་གལ་ཆེན་ལྡན།   སྲིད་གྲོས་ཨུ་ཡོན་ཞིག་ཡིན་པའི་ཆ་ནས།  མཐའ་གཅིག་ཏུ་རང་སྟེང་གི་ཆབ་སྲིད་གཞུང་ལུགས་སློབ་སྦྱོང་ལ་ཤུགས་སྣོན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་།   འཕེལ་རྒྱས་གསར་པའི་དུས་རིམ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ།  འཕེལ་རྒྱས་ཀྱི་རྣམ་པ་གསར་པ་བཅས་ཀྱི་དོན་སྙིང་གལ་ཆེན་དང་ལག་བསྟར་རེ་བར་རྒྱུས་ལོན་གཏིང་ཟབ་དང་ཡང་དག་བྱས་ནས་འགན་སྒྲུབ་ནུས་པ་མཐོར་འདེགས་གཏོང་དགོས།   འགན་འཁྲི་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་།   སྲིད་གྲོས་བྱ་བའི་ཁྲོད་ཀྱི་གཙོ་གཞིའི་བྱེད་ནུས་འདོན་སྤེལ་གང་ལེགས་བྱེད་པ།   རང་ཞིང་གི་ལོ་ལྔའི་འཆར་འགོད་བཅུ་བཞི་སྐབས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གནད་དོན་གལ་ཆེན་ལ་དམ་དུ་དམིགས་པ།   གཞི་རིམ་དུ་ཟབ་ཞུགས་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་དྲིལ་སྒྲོག་གཏིང་ཟབ་བྱེད་པ།    རྟོག་ཞིབ་གྲོས་མོལ་ཞིབ་ཏུ་བྱེད་པ་དང་ཧུར་ཐག་གིས་བློ་འདོན་ཇུས་འབུལ་བྱས་ནས་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་ཐད་ཐུན་མོང་གི་འདུ་ཤེས་དང་མཉམ་ཤུགས་གཅིག་སྡུད་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།