དབུལ་ཕོངས་སྡེ་དམངས་ལ་འདི་འདྲའི“ཀྲི་པུའུ་ཧྲུའུ་ཅི་བཟང་པོ”མཁོ།

ད་ལོར་ལོ་ན་བཞི་བཅུ་ལྷག་ལ་བུད་པའི་ཐན་ཧྲེང་ཧྥུ་ནི་མ་གཞི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཨོ་ལན་རྫོང་ཁི་ཁི་གྲོང་རྡལ་ཏུང་ཧྲ་ཀུག་སྡེ་བའི་ཅུང་ཟད་སྐད་གྲགས་ཡོད་པའི་ཁེ་ལས་པ་ཞིག་རེད། ཁོ་རང་ལྷོ་བསྐྱོད་བྱང་རྒྱུག་བྱས་ནས་ལོ་ངོ་མང་པོར་ཕྱོགས་བཞིའི་རྒྱལ་ཁམས་མྱུལ་བའི་རྗེས་སུ། རང་གི་ཕ་ཡུལ་དེ་གཞན་པའི་ས་ཆ་དང་བསྡུར་ན་ཧེ་བག་ཆེན་པོ་ཡོད་པ་མཐོང་རྗེས། ཁོས་རང་གི་ཕ་ཡུལ་གྱི་རྣམ་པར་འགྱུར་ལྡོག་གཏོང་རྒྱུའི་འདུན་པ་ཇེ་ཆེ་ནས་ཇེ་ཆེ་རུ་ཕྱིན།

ཕ་ཡུལ་དུ་ལོག་རྗེས་ཐན་ཧྲེང་ཧྥུ་ཡིས་རང་ཉིད་ཀྱི་ཚོང་ཁ་ཟུར་དུ་བཞག་ནས། ལོ་ངོ6གི་དུས་ཚོད་བེད་སྤྱད་དེ་སྡེ་བ་ཧྲིལ་པོའི་རྣམ་པ་གསར་རྐྱང་དུ་བསྒྱུར་བའི་ལས་སུ་ཞུགས་པ་དང་། སྡེ་བའི་ནང་གི་མི་རེའི་ཆ་སྙོམས་ཀྱིས་སྤྱད་ཆོག་ཡོང་འབབ་སྒོར3000ལྷག་ཙམ་ནས་སྒོར9000ལྷག་ལ་ཇེ་མཐོར་བཏང་བས། སྡེ་བ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱིས་མགྲིན་གཅིག་ཏུ་ཁོ་ལ་གདེང་འཇོག་བཟང་པོ་བྱས།

2014ལོར། ཐན་ཧྲེང་ཧྥུ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིར་བདམས་པའི་རྗེས་སུ་སྡེ་བ་ཧྲིལ་པོའི་འཕེལ་རྒྱས་ལ་བསམ་གཞིག་བཏང་བ་དང་འཆར་འགོད་བྱེད་མགོ་བརྩམས། ཐན་ཧྲེང་ཧྥུ་ཡི་སེམས་ནང་དུ“སྡེ་བ་འཕེལ་རྒྱས་དང་ཕྱུག་འགྱུར་ཡོང་དགོས་ན། ཀྲི་པུའུ་སྟོབས་ཆེར་གཏོང་རྒྱུ་ནི་ཀུན་གྱི་སྲོག་ཤིང་དང་། ཚན་ཁག་ཕུལ་དུ་བྱུང་བ་འཛུགས་རྒྱུ་ནི་རྨང་གཞི་ཡིན་ལ། དམངས་སེམས་གོང་བུར་ཏུ་བསྒྲིལ་རྒྱུ་ནི་འགག་རྩ་ཡིན་པ”གསལ་པོ་ཤེས།

བསམ་ཕོད་པ་དང་སྒྲུབ་ཕོད་པ་ཅན་ཞིག་ཡིན་པས། ཐན་ཧྲེང་ཧྥུ་ཡིས་ཕྱོགས་མང་པོ་ནས་མ་དངུལ་སྒོར་ཁྲི་ཚོ17བརྩོན་ལེན་བྱེད་མགོ་ཚུགས་ཤིང་། སྡེ་བའི་ནང་སྒྲིག་བཀོད་ཆ་ཚང་བ་དང་བྱེད་ནུས་ལུགས་མཐུན་ཡིན་པའི་ཏང་ཡོན་དང་གུང་གཞོན་ཚོགས་པའི་དཔེ་སྟོན་ས་ཚིགས་བསྐྲུན། སྡེ་མི་ལས་བྱེད་པ་རྣམས་ཀྱིས་ཐེངས་དང་པོར་གསར་དུ་བཙུགས་པའི་ཏང་ཡོན་དང་གུང་གཞོན་ཚོགས་པའི་དཔེ་སྟོན་ས་ཚིགས་སུ་ཚོགས་འདུ་འཚོགས་པའི་དུས་ན། རང་དབང་མེད་པར་གདོང་ལ་འཛུམ་གྱིས་ཁེངས་བཞིན“འདི་འདྲའི་གཡུལ་ས་ཡག་པོ་ཞིག རིག་གནས་བྱ་འགུལ་ཁང་དང་། གྲོས་ཚོགས་ཁང་། དཔེ་ཀློག་ཁང་བཅས་ཚང་མ་ཡོངས་སུ་འཛོམས་འདུག ཚོགས་འདུ་འཚོགས་ནས་བྱ་འགུལ་སྤེལ་བ་ཚང་མར་གསོན་ཉམས་ལྡན་པ་ཞིག་ཡོང་སྲིད”ཅེེས་སྨྲས་བྱུང་།

དེ་ནས་ཅུང་ཙམ་ལས་མ་འགོར་བར་དབུལ་ཐར་འགག་སྒྲོལ་གྱི་གཡུལ་འགྱེད་དེ་མཚོ་ནུབ་ཀྱི་ས་ཆེན་སྟེང་ནས་མགོ་ཚུགས་པ་དང་། ཐན་ཧྲེང་ཧྥུ་ཡིས་དེ་ལྟར་དྲན་བྱུང་། དེ་ནི་ཕ་ཡུལ་གྱི་རྣམ་པར་འགྱུར་ལྡོག་བཏང་ནས། ཚང་མའི་སྣེ་ཁྲིད་དེ་དབུལ་ཐར་ཕྱུག་འགྱུར་བྱེད་པའི་གོ་སྐབས་ཤིག་ཡིན་པར་སྙམ།

དུས་ཚོད་དང་པོའི་ནང་། ཧྲུའུ་ཅི་དང་པོ་དང་འགྲོགས་ནས་ཁྱིམ་ཚང་རེ་རེ་བཞིན་བརྟག་དཔྱད་མཐིལ་རྟོགས་ཞིབ་རྩིས་བྱས་ཤིང་། ཚགས་བཙུགས་བྱང་སྒྲིག་ཁྱིམ་ཚང15དང་མི34ཙམ་གནད་ཁེལ་དབྱེ་འབྱེད་བྱས་པར་མ་ཟད།“ཁྱིམ་ཚང་རེར་ཐབས་ཇུས་རེ”ཡོད་པའི་སྲིད་ཇུས་ལྟར་དབུལ་ཐར་འཆར་གཞི་གཏན་འབེབས་བྱས། དེ་དང་ཆབས་ཅིག་ཏུ། ཁོས་ད་དུང་ཧྲུའུ་ཅི་དང་པོ་དང་སྡེ་བའི“ཨུ་ལྷན་གཉིས”ཀྱིས་རྒྱལ་ཡོངས་ཀྱི་དབུལ་སྐྱོར་གསར་སྤེལ་ཆ་འཕྲིན་མ་ལག་ལ་བརྟེན་ནས་སྡེ་བ་རིམ་པའི་འབྲེལ་ཡོད་ཆ་འཕྲིན་སྡུད་ལེན་བྱས་པས། སྡེ་མིའི་ཆ་འཕྲིན་གྱི་ཕྱོགས་བསྡུས་དོ་དམ་མངོན་འགྱུར་བྱུང་བ་དང་། དབུལ་ཕོངས་ཁྱིམ་ཚང་གི་དཔལ་འབྱོར་ཡོང་འབབ་དང་དབུལ་པོར་གྱུར་པའི་རྒྱུ་རྐྱེན་དང་དབུལ་ཐར་གྱི་འཆར་གཞི་ལ་སོགས་པའི་ཆ་འཕྲིན་ཚང་མ་གསལ་པོ་ཞིག་ཤེས་རྟོགས་བྱུང་ནས། གྲོང་རྡལ་ཡོངས་ཀྱི་དབུལ་ཐར་གནས་ཚུལ་ཚང་མ་མཐིལ་རྟོགས་འབྱུང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་བ་རེད།

འགྱུར་ལྡོག་བྱུང་ཚུལ་རེ་རེ་མཐོང་བའི་སྐབས་སུ། ཐན་ཧྲེང་ཧྥུ་ཡི་ཡིད་ཆེས་དེ་བས་ཇེ་བརྟན་དུ་ཕྱིན་པ་དང་། ཁོས་ད་རུང་སྡེ་བའི་ནང་གི་འཕེལ་རྒྱས་ཀྱི་ཆེད་དུ་ལས་གཞིའི་རྣམ་གྲངས་བརྩོན་ལེན་བྱེད་པར་རྒྱུག་པ་དང་། ཚོང་འགུག་དངུལ་འདྲེན་སྐོར་གླེང་ནས། སྔ་རྗེས་སུ་དབུལ་སྐྱོར་ལས་གཞིའི་མ་དངུལ་སྣ་ཚོགས་སྒོར་ཁྲི163.8བརྩོན་ལེན་བྱས།

ཐན་ཧྲེང་ཧྥུ་ཡིས་སྡེ་བའི་མཉམ་སྡེབ་གཅིག་བསྡུས་ཀྱི་མ་དངུལ་བེད་སྤྱད་དེ་ཚོང་རྫས་འཚོང་སའི་ཁང་པ་གྱན19བསྐྲུན་པ་དང་། ལོ་རེའི་ཡོང་འབབ་རྐྱང་པ་སྒོར་ཁྲི8ལྷག་ལ་སླེབས་ཡོད། 2017ལོར་ཡུལ་སྐོར་དབུལ་སྐྱོར་མ་དངུལ་སྒོར་ཁྲི་ཚོ320དང་སྡེ་བའི་མཉམ་སྡེབ་གཅིག་བསྡུས་ཀྱི་མ་དངུལ་སྒོར་ཁྲི་ཚོ60བེད་སྤྱད་དེ། ཚྭ་ཁ་ཚྭ་མཚེའུ་མཛེས་ལྗོངས་ཁུལ་དུ་སྨི་གྲུ་བཞི་མ800ཡོད་པའི་མགྲོན་ཁང་འཛུགས་སྐྲུན་བྱེད་པ་དང་། སྡེ་བའི་ཐུན་མོང་ཡོང་སྒོ་ཇེ་མང་དུ་གཏོང་བའི་ཐད་བཀོལ་ནས། སྡེ་བའི་མཉམ་སྡེབ་གཅིག་བསྡུས་མ་དངུལ་གྱི་རིན་ཐང་བརྟན་སྲུང་དང་འཕར་སྣོན་ཡོང་བར་བྱས།

སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་བྱུང་ཡོད་མོད། འོན་ཀྱང་དབུལ་ཕོངས་ཁྱིམ་ཚང་རེ་ཟུང་ནི་ཐན་ཧྲེང་ཧྥུ་ཡི་སེམས་གཏིང་ནས་ནམ་ཡང་བསྐྱུར་མི་ཐུབ་པའི་རྡོ་ལོག་ལྟ་བུར་གྱུར་ཡོད། ཀྲའོ་ཀུའོ་པིན་ནི་དེའི་ཁྲོད་ཀྱི་གཅིག་རེད།

ཐན་ཧྲེང་ཧྥུ་ཡིས་བཤད་རྒྱུར། ལོ་ན50ལ་སོན་པའི་ཀྲའོ་གོ་པིན་སྔ་ས་ནས་ཆུང་མ་དང་བཟའ་ཚང་ཐོར་བ་དང་། རང་ཉིད་ལ་ད་རུང་གློ་སྙིང་ནད་ཀྱང་ཡོད་པས། ལས་ཀ་ལྕི་མོ་ལས་ཐུབ་ཀྱིན་མེད་ལ། རྒན་པོ་གཉིས་ཀྱི་འཚོ་བ་དེ་ལོ24ལ་སོན་པའི་བུ་ཆུང་གིས་ཕྱི་རོལ་དུ་གླ་ལས་རྒྱག་པར་བརྟེན་དགོས་ཀྱིན་ཡོད་ཟེར། སྟབས་ལེགས་ནས་དུས་སྐབས་བཟང་པོའི་རྗེས་ཟིན་བྱུང་། 2016ལོར་ཀྲའོ་ཀུའོ་པིན་ནགས་སྲུང་པར་གྱུར་པ་དང་། ལོ་རེའི་ཡོང་འབབ་སྒོར32000ལྷག་མཆིས། བུ་ཆུང་ཀྲའོ་ལེའང་རྩལ་ནུས་གསོ་སྦྱོང་ལ་ཞུགས་ནས། བརྐོ་འདྲུའི་འཕྲུལ་འཁོར་ཁ་ལོ་བསྒྱུར་སྟངས་སློབ་སྦྱོང་བྱས་ཤིང་། ད་སྐབས་ལས་ཡུལ་དུ་བརྐོ་འདྲུའི་འཕྲུལ་འཁོར་བསྐོར་བཞིན་ཡོད་པ་དང་། ཟླ་བ་གཅིག་ལ་གླ་ཕོགས་སྒོར8000ལྷག་ལེན་བཞིན་ཡོད་ལ། 2018ལོར་ཁོ་རང་ཡང་གཉེན་སྒྲིག་བྱས་པ་དང་། ཆུང་མས་གྲོང་རྡལ་དུ་སྤྱི་ཕན་རང་བཞིན་གྱི་ལས་གནས་གཉེར་བཞིན་ཡོད། ཟླ་རེར་ཡོང་འབབ་སྒོར2000ལྷག་ཙམ་ཡོད་པས། དེང་སྐབས་ཁྱིམ་མི་གང་པོའི་འཚོ་བ་ཡང་སྙེག་ས་བརྟེན་ས་ཡོད་པར་གྱུར།

ཀྲའོ་ཀུའོ་པིན་ཚང་གིས་སྔར་ལས་བཟང་བའི་འཚོ་བ་སྐྱེལ་རྒྱུར་རོགས་རམ་བྱ་ཆེད། ཐན་ཧྲེང་ཧྥུ་ཡིས་རང་འགུལ་ངང་ཀྲའོ་ཀུའོ་པིན་དང་གཉེན་ཉེ་ཆ་ཡ་བསྒྲིགས་ཏེ། ཁོམ་པ་ཡོད་དུས་ཁོ་བཙལ་དུ་སོང་ནས་ཁྱིམ་ཚང་ཇི་ལྟར་འཕེལ་རྒྱས་གཏོང་ཚུལ་སྐོར་གླེང་བ་དང་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཇུས་འགོད་བྱེད་རོགས་བྱས་པ་རེད།

ཁོ་ཚོ་ཕར་འགྲོ་ཚུར་འོང་བྱས་ནས། ཏང་ཀྲི་པུའུ་ཡི་རོགས་རམ་འོག་ཏུ་ཀྲའོ་ཀུའོ་པིན་གྱིས“530”ཡི་དམིགས་བསལ་དངུལ་བུན་སྒོར་ཁྲི5བསྐྱི་བའི་རེ་འདུན་ཞུས་ཤིང་། ལུག50ལྷག་ཙམ་ཉོས་ཏེ་གསོ་སྤེལ་བྱས་པ་རེད། ཀྲའོ་ཀུའོོ་པིན་གྱིས་བཤད་རྒྱུར། “སྲིད་གཞུང་གི་སྲིད་ཇུས་ཇེ་ཡག་ནས་ཇེ་ཡག་ཡིན་པ་དང་། ང་ཚོའི་མདུན་ལམ་ཅི་ཙམ་བསྐྱོད་པ་དེ་ཙམ་གྱིས་ཇེ་ཡངས་སུ་འགྲོ་བཞིན་འདུག་པས། ད་སྐབས་ངས་ལོ་གཅིག་ལ་ལུག་གསོས་ན་ད་དུང་ཡོང་འབབ་སྒོར་ཁྲི2ལྷག་ཙམ་འདུག”ཟེར།

ཀྲའོ་ཀུའོ་པིན་དང་འདྲ་བར་སྡེ་བའི་ནང་གི་དབུལ་ཕོངས་ཁྱིམ་ཚང་མི་ཉུང་བ་ཞིག་གིས་ཐན་ཧྲེང་ཧྥུ་ཡི་རོགས་རམ་འོག་འབྱོར་འབྲིང་གི་འཚོ་བ་རོལ་བཞིན་ཡོད།“སྡེ་མི་རྣམས་ཀྱི་དོན་དག་ཆེ་ཆུང་ཚང་མ་རང་ཁྱིམ་གྱི་དོན་དག་ཡིན་པར་བསམས་པས། འགྲོ་སའི་ལམ་མ་འཆུགས་པར་སོང་ན། ཚང་མ་མཉམ་དུ་འབྱོར་འབྲིང་གི་ཕྱོགས་སུ་སྐྱོད་པའི་ལམ་ཐག་ཀྱང་རིང་རྒྱུ་མེད་པ་རེད”ཅེས་བཤད། ཐན་ཧྲེང་ཧྥུ་ཡིས་སྐད་ཆ་དེ་རྒྱུན་དུ་ཁ་ལ་ཁྱེར་ནས་མ་ཎི་འདོན་འདོན་བྱེད་པར་མ་ཟད། དེ་བས་ཀྱང་མངོན་སུམ་མིག་གི་སྤྱོད་ཡུལ་དུ་གྱུར་ཡོད།

2016ལོར། ཐན་ཧྲེང་ཧྥུ་ཡིས་འཚོལ་ཞིབ་བྱས་ནས་གསར་དུ་བཏོད་པའི“སྡེ་བ་རིམ་པས་གཙོ་སྒྲུབ་དང་། རོགས་རེས་ཞབས་ཞུ། རང་ཉིད་འགན་སྲུང་། སྤྱི་ཚོགས་ཐེ་ཞུགས། དམངས་སྲིད་ཀྱིས་ལྟ་སྐུལ་དོ་དམ། སྲིད་གཞུང་གིས་རྒྱབ་སྐྱོར་བྱེད་པ”བཅས་ཀྱི་རོགས་རེས་རྒན་གསོའི་དཔེ་དབྱིབས་རྣམ་པ་ཅན་གྱི་ཏུང་ཧྲ་ཀུག་སྡེ་བའི་ཉིན་དཀར་ལྟ་སྐྱོང་ལྟེ་གནས་འདིར། སྡེ་བ་ཡོངས་ཀྱི་རྒན་རྒོན36ལ་དངོས་གནས་རྒས་དུས་གསོ་མཁན་ཡོད་པ་དང་རྒས་དུས་སྤྲོ་སྣང་ཡོད་པ་ཞིག་མངོན་འགྱུར་བྱུང་ཡོད་ཅིང་། རྒན་རྒོན་ལ་ལྟ་རྟོག་བྱེད་དགོས་པས་ཕྱི་རོལ་ཏུ་ཞོར་ལས་གཉེར་དུ་སྐྱོད་ཐབས་བྲལ་བའི་ངལ་རྩོལ་མི་སྣ་ཚོའི་སེམས་ཁྲལ་མཐའ་དག་སེལ་བར་བྱས་ཡོད་ལ། མང་ཚོགས་ཀྱིས་བློ་སེམས་བདེ་མོའི་ངང་ལས་ཀ་ལས་པ་དང་ལས་སྐྲུན་བྱེད་ཐུབ་པར་ཁག་ཐེག་ནན་མོ་བྱས་ཡོད།

ད་སྐབས་ཀྱི་འཚོ་བ་ཡག་པོའི་སྐོར་གླེང་སྐབས། དབུལ་ཐར་ཁྱིམ་ཚང་ཏའོ་ཁྲ་ཧྲེང་གིས་མཐེ་བོང་སྟོན་བཞིན་བཤད་རྒྱུར“ད་ལྟ་སྡེ་བའི་ནང་གི་ཏང་ཡོན་བྱ་འགུལ་ཁང་བསྐྲུན་པ་ཁོད་རྒྱ་ཡངས་ལ་དཀར་གསལ་དོད་པ་དང་། རྒན་རྒོན་ཉིན་དཀར་ལྟ་སྐྱོང་ལྟེ་གནས་ཀྱི་ཞབས་ཞུ་སྒྲུབ་ཚུལ་ལེགས་ཤིང་དམིགས་སར་འབྱོར་བས། བུ་ཆུང་ནགས་སྲུང་པ་བྱས་ཡོད་པ་དང་། ཟླ་རེ་རེར་སྒོར2000ལྷག་གི་གླ་ཕོགས་ཡོད་ལ། ལོ་རེ་རེར་ང་ཚོར་ད་དུང་ཁེ་སྤོགས་བགོ་བའི་ཡོང་འབབ་སྒོར2000ལྷག་ཡོད། འདི་དག་ཚང་མ་ཏང་དང་སྲིད་གཞུང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་ཡིན་ཞིང་། སྡེ་བའི་ནང་དུ་སྣེ་ཁྲིད་མཁན་གྱི་ཧྲུའུ་ཅི་བཟང་པོ་ཞིག་ཡོད་པའི་བཀའ་དྲིན་ཡང་རེད”ཅེས་བཤད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།