ཁོང་ཡུང་གིས་ཟི་ལིང་གི་སྒོ་རྩིས་ཚོང་ཁང་དང་ཞིང་ཞོར་ཉོ་ཚོང་ཁྲོམ་ར་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་བྱས།

 ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས27ཉིན་གྱི་ཕྱི་དྲོར། ཧྲིན་ཀྲང་གཞོན་པའམ་ཞིང་ཆེན་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཐག་གཅོད་ལས་ཀའི་བཀོད་འདོམས་པུའུ་ཡི་བཀོད་འདོམས་པ་གཞོན་པ་ཁོང་ཡུང་གིས་སྔ་རྗེས་སུ་འགྲིམ་འགྲུལ་སྲང་ལམ་ཕྱོགས་བསྡུས་ཞིང་ཞོར་ཁྲོམ་ར་དང་། བཞི་མདོ་ཆེན་མོའི་སྣ་མང་ཚོང་ཁང་གི་ཐང་ཆེན་ཡན་ལག་ཚོང་ཁང་། མཚོ་བོད་མཐོ་སྒང་ཞིང་ཞོར་ཐོན་རྫས་བསྡུ་འགྲེམ་ལྟེ་གནས་སོགས་སུ་ཤ་རིགས་དང་འཁྱག་ཉར་རིགས་ཀྱི་ཟས་རིགས་ཞིབ་བཤེར་དང་རིམས་ནད་བརྟག་དཔྱད་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཟོག་འདྲེན་ཐབས་ལམ་དང་ཟོག་འདྲེན་སྐྱེལ་འདྲེན། བྲིན་ཚོང་ཚད་གཞི། བརྒྱུད་རིམ་ཧྲིལ་པོའི་དོ་དམ་བཅས་ལ་རྒྱུས་ལོན་ཟབ་མོ་བྱས་ནས་ཡུལ་དངོས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་བྱས་ཚུལ་ལ་ལྟ་ཞིབ་བྱས་པ་རེད། 

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ལོ་སར་དུས་ཆེན་ལ་ཉེ་བས་འཛད་སྤྱོད་ཀྱི་དགོས་མཁོ་ཆེ། ཚོང་ཁང་ཆེ་གྲས་དང་ཞིང་ཞོར་ཉོ་ཚོང་ཁྲོམ་རའི་ཐོན་རྫས་ཉོ་ཚོང་གི་ཐབས་ལམ་རྒྱ་ཆེ་བ་དང་མི་འདུ་འཛོམས་ཆེ་བ། འཁོར་རྒྱུག་རང་བཞིན་ཆེ་བ་བཅས་ཡིན་པས་དེ་ནི་མིག་སྔའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ཁྱབ་ཁོངས་ཡིན། ས་ཁུལ་སོ་སོ་དང་ཁྲོམ་རའི་གཙོ་འགན་སྡེ་ཁག་གིས་ཁོངས་གཏོགས་ཁུལ་དང་། སྡེ་ཁག ཁྲོམ་ར། ཚོང་དུད་བཅས་ཀྱི་འགན་འཁྲི་སྔར་བས་ཆེ་རུ་བཏང་ནས། འཁྱགས་ཉར་ཟས་རིགས་ཀྱི་ལྟ་ཞིབ་དོ་དམ་ལ་སྔར་བས་ཤུགས་སྣོན་དང་ཚོང་ཟོག་ནང་འདྲེན་གྱི་ཞིབ་བཤེར་བླང་བྱ་དོན་འཁྱོལ་ནན་མོ། མི་མངོན་པའི་ཁྱབ་སྤེལ་ཉེན་ཁར་དོགས་ཟོན་ནན་མོ་བཅས་བྱས་ནས་འཁོར་རྒྱུག་གི་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱེད་དགོས། ཚོང་རའི་དུག་སེལ་དང་རླུང་རྒྱུག གཙང་སྦྲ་སོགས་སྔོན་འགོག་ཚོད་འཛིན་བྱེད་ཐབས་ནན་ཏན་གྱིས་དོན་འཁྱོལ་བྱས་ཏེ་ཚོང་རའི་འཕྲོད་བསྟེན་ཁོར་ཡུག་གཙང་མ་ཡོང་བར་ཁག་ཐེག་བྱེད་དགོས། མང་ཚོགས་དང་ལས་དོན་མི་སྣས་རང་ཉིད་འགོག་སྲུང་ཡག་པོ་བྱ་རྒྱུར་ཁྲིད་སྟོན་བྱས་ནས་འཕྲོད་བསྟེན་གྱི་གོམས་གཤིས་བཟང་པོ་རྒྱུན་འཁྱོངས་དང་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ། ཚད་ལྡན་གྱི་ཁ་ཐུམ་རྒྱག་པ་དང་འོས་འཚམ་གྱི་འབྲེལ་འདྲེས་བར་ཐག་རྒྱུན་འཁྱོངས་བྱེད་དགོས། ཁྲོམ་རའི་མཁོ་སྤྲོད་འགན་སྲུང་དང་རིན་གོང་བརྟན་པོ་ཡོང་བའི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་མི་དམངས་མང་ཚོགས་ཀྱི“ཚོད་སླེའི”བདེ་འཇགས་ལ་ཁག་ཐེག་བྱེད་དགོས།   །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།