མཚོ་སྔོན་ཞིང་ཆེན་གྱི“ཚོགས་འདུ་གཉིས”མགོ་བརྩམས་ཤིང་གྲ་སྒྲིག་ལས་དོན་ཡོངས་སུ་ལེགས་འགྲུབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས28ཉིན། གསར་འགོད་པས2021ལོའི་མཚོ་སྔོན་ཞིང་ཆེན་ཡོངས་ཀྱི“ཚོགས་འདུ་གཉིས”ཀྱི་དྲིལ་སྒྲོག་ཚོ་ཆུང་ནས་ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དྲུག་པ་ཟླ1པོའི་ཚེས30ཉིན་ནས་ཟླ2པའི་ཚེས4ཉིན་བར་ཟི་ལིང་ནས་འཚོག་རྒྱུ་དང་། ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་བ་ཟླ1པོའི་ཚེས29ཉིན་ནས་ཟླ2པའི་ཚེས2ཉིན་བར་ཟི་ལིང་དུ་འཚོག་རྒྱུ་རེད། མིག་སྔར་ཚོགས་འདུ་གཉིས་ཀྱི་གྲ་སྒྲིག་ལས་དོན་ཚང་མ་གྲ་སྒྲིག་བྱས་ཟིན། 

2021ལོ་ནི་ཏང་དབུ་བརྙེས་ནས་ལོ་འཁོར100ལོན་པའི་ལོ་ཡིན་ལ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ལག་བསྟར་དང་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་རྒྱང་སྐྱོད་ལམ་བུ་གསར་བ་མགོ་བརྩམས་པའི་ལོ་དང་པོའང་ཡིན། ཞིང་ཆེན་ཡོངས་ཀྱི“ཚོགས་འདུ་གཉིས”འཚོག་རྒྱུ་ནི་ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་དོན་ཆེན་ཞིག་ཡིན་ལ། ཞིང་ཆེན་ཡོངས་ཀྱི“ཚོགས་འདུ་གཉིས”ཡག་པོར་འཚོག་རྒྱུ་དེ་མགོ་འཛུགས་ས་གསར་བའི་ཐོག“དམིགས་གསལ་གཅིག་མཐོ་བ་གཉིས”ཀྱི་འཕེལ་རྒྱས་འཐབ་ཇུས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་འབྱོར་ཕྱུག་དང་དཔལ་ཡོན། ཞི་མཐུན། མཛེས་སྡུག་ལྡན་པའི་མཚོ་སྔོན་གསར་བ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བར་ཡང་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་ལྡན། 

ད་ལོའི་ཞིང་ཆེན་ཡོངས་ཀྱི“ཚོགས་འདུ་གཉིས”ཡག་པོར་འཚོག་ཆེད། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་དམངས་ཆེན་རྒྱུན་ཨུ། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་དང་འབྲེལ་ཡོད་སྡེ་ཁག་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་གྲ་སྒྲིག་ལས་དོན་སྡེ་ཁག་བཙུགས་པ་དང་། ཚོགས་སྲོལ་ཚོགས་སྒྲིག་གི་ལྟ་སྐུལ་དང་ཡིག་བསྒྱུར། རིམས་ནད་སྔོན་འགོག་ཚོད་འཛིན་སོགས་ལས་དོན་ཚོ་ཆུང12བཙུགས་ཡོད། ཚོ་ཆུང་སོ་སོས་ནན་ཏན་སྒོས་ལས་ཀའི་འགན་འཁྲི་དང་ལས་ཀའི་ཇུས་གཞི་བཟོས་ནས་ཚ་ཚ་འུར་འུར་ངང་ལས་དོན་སྤེལ་ཏེ་ཞིབ་ཕྲ་ནུས་ལྡན་གྱི་ལས་དོན་འབོར་ཆེན་བསྒྲུབས་ཡོད། 

མིག་སྔར། “ཚོགས་འདུ་གཉིས”ཀྱི་སྙན་ཞུ་ཁག་དང་འབྲེལ་ཡོད་ཡིག་ཆའི་དཔྱད་ཡིག་ཚང་མ་པར་བཏབ་ཟིན་པ་དང་། ཚོགས་འདུ་མ་འཚོག་གོང་། དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་བསམ་གཞིགས་ནན་ཏན་བྱས་ནས་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་འདོད་བློ་རྒྱུས་ལོན་བྱས་ཏེ་ཚོགས་འདུའི་རིང་སྤུས་ཚད་མཐོ་བའི་གྲོས་གཞི་དང་གྲོས་འཆར་འདོན་རྒྱུའི་གྲ་སྒྲིག་གང་ལེགས་བྱས་ཡོད། དུས་མཚུངས་སུ། ཞིང་ཆེན་དམངས་ཆེན་རྒྱུན་ཨུ་དང་ཞིང་ཆེན་སྲིད་གྲོས་ཀྱིས་ནན་ཏན་སྒོས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལག་བསྟར་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དེ་ཚོགས་འདུའི་བརྒྱུད་རིམ་ཡོངས་སུ་ཁྱབ་པར་བྱས་ནས་ཚོགས་འདུའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་གཟབ་ནན་ཞིབ་ཚགས་ཀྱིས་ལེགས་པར་བསྒྲུབ། ཚོགས་འདུ་གཉིས་ཀྱི་ལས་དོན་ཚོ་ཆུང་ཁག་ཕྱོགས་ཡོངས་ནས“ཚོགས་འདུའི་དུས་ཚོད”ནང་ཞུགས་ཏེ་ཚོགས་འདུ་བདེ་བླག་ངང་འཚོག་རྒྱུར་ཞབས་ཞུའི་འགན་སྲུང་ནུས་ལྡན་བྱས་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།