ཟི་ལིང་གི་མཁའ་རླུང་སྤུས་ཚད་དེ་ནུབ་བྱང་གི་ཞིང་ཆེན་ཡོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཁྲོད་ལོ6ལ་བསྟུར་མར་ཨང་དང་པོ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས25ཉིན། གསར་འགོད་པས་ཟི་ལིང་གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། “ཟི་ལིང་གི་དགུང་སྔོན”གྱི་སྤུས་ཚད་མཐོ་རུ་ཕྱིན་ཞིང་ཟི་ལིང་གི་མཁའ་དབུགས་ཀྱི་སྤུས་ཚད་ལེགས་པའི་ཉིན་གྲངས་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད། 2020ལོའི་ལོ་མཇུག་བར། ཟི་ལིང་གི་མཁའ་དབུགས་ཀྱི་སྤུས་ཚད་ལེགས་པའི་བསྡུར་ཚད87.3%ཟིན་པ་དང་། PM_10、PM_2.5སོགས་སྦགས་བཙོག་རྫས་ཀྱི་སྟུག་ཚད་མངོན་གསལ་གྱིས་ཇེ་ཉུང་དུ་སོང་སྟེ། ཡང་བསྐྱར་ནུབ་བྱང་ཞིང་ཆེན་ལྔའི་ཁྲོད་ཀྱི་མཁའ་དབུགས་ཀྱི་སྤུས་ཚད་ཆེས་ལེགས་པའི་གྲོང་ཁྱེར་དུ་གྱུར་ལ་བསྟུད་མར་ལོ་དྲུག་ལ་མཚན་སྙན་འདི་ཐོབ་པ་ཡིན།

མཁའ་དབུགས་ཀྱི་སྤུས་ཚད་ཇེ་ལེགས་སུ་གཏོང་ཆེད། ཟི་ལིང་གྲོང་ཁྱེར་གྱིས་ཕུགས་ཕན་དོ་དམ་ལམ་སྲོལ་དོན་འཁྱོལ་ཧུར་ཐག་བྱས་ཏེ《ཟི་ལིང་གྲོང་ཁྱེར་གྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་སྲོལ་ཡིག》བཏོན་པ་དང་། སྔ་རྗེས་སུ་ས་གནས་རང་བཞིན་གྱི་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ཁྲིམས་སྲོལ་དང་ལས་ཀའི་ལམ་ལུགས10ལྷག་བཟོས་ནས“ཐལ་རྡུལ་འགོག་པ་དང་རྡོ་སོལ་ཉུང་གཏོང་། རླངས་འཁོར་ཚོད་འཛིན་། ཁེ་ལས་བཅོས་སྐྱོང་། ལྗང་བསྒྱུར་རྒྱ་བསྐྱེད་སོགས་ཀྱི་བྱེད་ཐབས་ལ་ཤུགས་སྣོན་བརྒྱབ་སྟེ། རླུང་ཁམས་ཆེན་མོའི་སྦགས་བཙོག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་ལམ་ལུགས་ཅན་དང་རྒྱུན་རྣམ་ཅན་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཐལ་རྡུལ་སྦགས་བཙོག་དང་བཟོ་ལས་ཁེ་ལས་ཀྱི་སྦགས་བཙོག་སོགས་ཀྱི་གནད་དོན་འབུར་ཐོན་དག་ཐག་གཅོད་བྱས་པ་རེད། “ལོ་ལྔའི་འཆར་གཞི་ཚན་བཅུ་གསུམ་པའི”རིང་། ལོ་རེའི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་ལས་དོན་གྱི་འགག་སྒྲོལ་ཇུས་གཞི་དང་སྟོན་དགུན་དུས་ཀྱི་རླུང་ཁམས་ཆེན་མོའི་སྦགས་བཙོག་འགོག་བཅོས་འགག་སྒྲོལ་ལས་དོན་གྱི་ཇུས་གཞི་པར་འགྲེམས་བྱས་ཏེ་ལམ་ལུགས་ཀྱི་འགན་ལེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ལྟ་ཞིབ་ཞིབ་བཤེར་ནུས་པར་ཤུགས་སྣོན་དང་ཐེངས་གྲངས་ཇེ་མང་དུ་བཏང་ནས་བཟོ་སྐྲུན་བྱ་ཡུལ་གྱི་ཐལ་རྡུལ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་དང“100%བཅུའི”ཐལ་རྡུལ་སྔོན་འགོག་ཚོད་འཛིན་བྱེད་ཐབས་དོན་འཁྱོལ་བྱ་བ་ནན་འཛིན་བྱས་ཏེ། ས་སྙིགས་རླངས་འཁོར་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་བ་དང་ས་སྙིགས་རླངས་འཁོར་གྱི་ཁེབས་པང་དང་ཁེབས་རས་ཀྱི“ཁེབས་གཉིས”ཀྱི་ཁེབས་གཡོག་བྱ་ཐབས་ནན་དུ་བཏང་ནས་ཤོང་ཚད་བརྒལ་བ་དང་མྱུར་ཚད་བརྒལ་བ། སྒྲིག་འགལ་བྱེད་སྤྱོད་སོགས་ལ་ཆད་པ་ནན་མོ་བཅད་ཡོད། 

དུས་མཚུངས་སུ། ཟི་ལིང་གྲོང་ཁྱེར་གྱིས་རླུང་ཁམས་ཆེན་མོའི་རྣམ་གྲངས་དོན་འཁྱོལ་བྱ་བར་ཤུགས་སྣོན་བརྒྱབ་ཅིང་། ལམ་མདོ་གཙོ་བོ10རུ་དུ་བ་ནག་པོ་འབུད་པའི་རླངས་འཁོར་གྱི་རྒྱང་ཚོར་དབྱེ་འབྱེད་མ་ལག་དང་། རིག་ནུས་ཅན་གྱི་བཟོ་སྐྲུན་ལས་ཡུལ་གྱི་ལྟ་ཞིབ་ཚད་ལེན་ལྟ་སྐུལ་དོ་དམ་མ་ལག100། དྲ་མིག་ཅན་གྱི་ལྟ་ཞིབ་ཚད་ལེན་གྱི་ལྟ་སྐུལ་དོ་དམ་རྣམ་གྲངས84འཛུགས་སྐྲུན་བྱས་ནས་འཕྲུལ་སྒུལ་འཁོར་རིགས་ཀྱི་མཇུག་རླངས་རྒྱང་འཇལ་རྣམ་གྲངས་ལ་སྐུལ་འདེད་བཏང་སྟེ་ཟི་ལིང་གི་རླུང་ཁམས་ཆེན་མོ་བཅོས་སྐྱོང་དེ“མིས་འགོག་པ་དང་ལག་རྩལ་གྱིས་འགོག་པའི”ཕྱོགས་སུ་རིམ་བཞིན་བསྒྱུར་བཞིན་ཡོད། ། 

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།