མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བསྡོམས་རྩིས་བརྟག་དཔྱད་བྱ་བའི་ཚོགས་འདུ་འཚོགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས22ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་བསྡོམས་རྩིས་བརྟག་དཔྱད་བྱ་བའི་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཞིན་ཁྲང་ཞིང་གིས་བྱ་བའི་བླང་བྱ་བཏོན་ཏེ། ཞིང་ཆེན་ཡོངས་ཀྱི་བསྡོམས་རྩིས་བརྟག་དཔྱད་ཀྱི་ཡུལ་དངོས་དང་པོར་དཀའ་བའི་ལས་སྒྲུབ་བཞིན་པའི་བློ་མཐུན་རྣམས་ལ་སྙིང་ཉེ་བའི་འཚམས་འདྲི་དང་ལྷག་བསམ་རྣམ་དག་གིས་བཀའ་དྲིན་ཞུས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ནམ་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་གིས་བྱ་བའི་བླང་བྱ་བཏོན། 

ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། 2020ལོར། རྒྱལ་ཁབ་བསྡོམས་རྩིས་ཅུས་མཚོ་སྔོན་རྟོག་ཞིབ་སྤྱི་ཁྱབ་རུ་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་བློ་ཐག་རྦད་ཆོད་ཀྱིས་ལག་བསྟར་དོན་འཁྱོལ་བྱས་པ་དང་། རྒྱལ་ཁབ་བསྡོམས་རྩིས་ཅུས་དང་ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལྟར། རྟོག་ཞིབ་ལྟ་བཤེར་དང་ཞིབ་འཇུག་དབྱེ་ཞིབ་ཀྱི་ལས་བརྟན་པོར་སྤེལ་ཏེ། དབུལ་ཐར་འགག་སྒྲོལ་ཡོངས་བཤེར་ལས་འགན་དང་བསྡོམས་རྩིས་བརྟག་དཔྱད་ལས་དོན་ཁག་སོ་སོ་ཕུན་སུམ་ཚོགས་པའི་ངང་ལེགས་པར་གྲུབ་ཅིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་ཇུས་ཆོད་བཟོ་བ་དང་གནད་ཁེལ་སྲིད་གཉེར་ལ་བསྡོམས་རྩིས་ཀྱིས་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས། 2021ལོར། མཚོ་སྔོན་བརྟག་དཔྱད་སྤྱི་ཁྱབ་རུ་ཁག་གིས་སྐབས་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་ཀྲུང་དབྱང་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་། བསྡོམས་རྩིས་དེང་རབས་ཅན་བཅོས་བསྒྱུར་ལ་སྐུལ་འདེད་མགྱོགས་པོར་གཏོང་བ། ཁྲིམས་ལྟར་བསྡོམས་རྩིས་བརྟག་དཔྱད་ཚད་ལྡན་གྱིས་སྤེལ་བ། བསྡོམས་རྩིས་དབྱེ་ཞིབ་དང་གཞི་གྲངས་ཀློག་འགྲེལ་ལ་ཤུགས་སྣོན་པ། བསྡོམས་རྩིས་གཞི་གྲངས་ཀྱི་སྤུས་ཚད་ལ་མཐོར་འདེགས་གསར་པ་འབྱུང་བ་དང་བསྡོམས་རྩིས་ཐོན་སྐྱེད་ལས་ཆོད་ལ་ཐོལ་བརྒལ་གསར་པ་ཐོབ་པ། བསྡོམས་རྩིས་དབྱེ་ཞིབ་ཞབས་ཞུ་ཆུ་ཚད་གསར་པ་ཞིག་ཏུ་སླེབས་པར་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། “ལོ་ལྔའི་འཆར་གཞི་བཅུ་བཞི་པའི”བྱ་བའི་མགོ་ལེགས་པར་རྩོམ་པར་བློ་གྲོས་དང་སྟོབས་ཤུགས་འབུལ་དགོས་ཞེས་གསུངས། 

ཚོགས་ཐོག་ནས2021ལོར་མཚོ་སྔོན་བརྟག་དཔྱད་རུ་ཁག་མ་ལག་གིས་རྒྱལ་ཁབ་བསྡོམས་རྩིས་ཅུས་དང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་བློ་བརྟན་འགྱུར་མེད་ཀྱིས་ལག་བསྟར་དངོས་འབེབས་དང་། བརྟན་ཐོག་ཡར་འཕེལ་གྱི་སྤྱིའི་གཞི་གདངས་རྒྱུན་འཁྱོངས་བྱེད་ཅིང་། འཕེལ་རྒྱས་ཀྱི་དུས་རིམ་གསར་པ་ཚོད་ཐུབ་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ཏུ་བསྟར་བ། འཕེལ་རྒྱས་ཀྱི་གནས་སྟངས་གསར་པར་འདྲེས་སུ་འཇུག་པ། གཞི་གྲངས་སྤུས་ཚད་མཐོར་འདེགས་པ་ལྟེ་བར་འཛིན་པ། བསྡོམས་རྩིས་དེང་རབས་ཅན་བཅོས་བསྒྱུར་ལ་སྐུལ་འདེད་བྱེད་པ་གཙོ་གནད་དུ་བཟུང་ནས། ནུས་པ་མཐོར་འདེགས་པ་འཛིན་ལུང་དུ་བྱས་ཏེ། བསྡོམས་རྩིས་བཅོས་བསྒྱུར་གསར་གཏོད་ཆེར་སྐྱེད་པ་དང་། བསྡོམས་རྩིས་ཁྲིམས་སྐྱོང་འཕེལ་རིམ་ལ་སྐུལ་འདེད་བྱེད་པ། བསྡོམས་རྩིས་ཀྱི་གཞི་རིམ་རྨང་གཞི་བརྟན་པོར་བཟོ་བ། བསྡོམས་རྩིས་རྟོག་ཞིབ་ཞབས་ཞུ་ཇེ་དྲག་ཏུ་གཏོང་བ། བསྡོམས་རྩིས་བདེ་འཇགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཞིང་ལས་ཞིང་སྡེ་དང་། རིན་གོང་། སྡོད་དམངས་ཀྱི་གཏོང་ཡོང་། ངལ་རྩོལ་ལས་ཞུགས། དབུལ་ཐར་རྫོང་ཞིང་སྡེ་ཁྱིམ་ཚང་གི་ལྟ་བཤེར་སོགས་དམངས་འཚོའི་བསྡོམས་རྩིས་རྟོག་ཞིབ་སྤྱི་འདོམས་ཀྱིས་ལེགས་པར་སྒྲུབ་ཅིང་། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ལ་སྐུལ་འདེད་གཏིང་ཟབ་བྱེད་པ་དང་། མཚོ་སྔོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་འབྱུང་ཆེད་སྔར་ལས་ལྷག་པའི་བྱས་རྗེས་གསར་པ་འཇོག་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།