མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བརྡ་ཁྱབ། (ཨང26པ)

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེ་དང་འབྲོག་ཁུལ་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་དང་། ཕྱིར་ཕ་ཡུལ་དུ་ལོག་པའི་མི་སྣའི་རིམས་ནད་སྔོན་འགོག་ཚོད་འཛིན་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། མི་རིགས་སོ་སོས་མང་ཚོགས་ཀྱི་བདེ་ཐང་དང་བདེ་འཇགས་ངང་དཔྱིད་གསར་དུས་ཆེན་རོལ་བ་བཅས་ལ་འགན་སྲུང་བྱ་ཆེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་མཉམ་འགོག་མཉམ་བཅོས་ནང་རྐྱེན་ཕྱོགས་བསྡུས་ཚན་ཆུང་དང་། ཀྲུང་དབྱང་ཞིང་སྡེ་ལས་དོན་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི《དགུན་དཔྱིད་དུས་ཚིགས་ཀྱི་ཞིང་སྡེའི་ས་ཁུལ་གྱི་པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཇུས་གཞི》ཡི་བླང་བྱ་ལྟར། ད་ལྟའི་འབྲེལ་ཡོད་དོན་ཚན་གྱི་བརྡ་ཁྱབ་གཤམ་གསལ་ལྟར།

གཅིག ཕ་ཡུལ་དུ་ལོག་པའི་མི་སྣ་ནི་རང་རེའི་ཞིང་ཆེན་གྱི་ཞིང་སྡེ་དང་འབྲོག་ཁུལ་དུ་ཕྱིར་ལོག་པའི་མི་སྣ་ལ་གོ་དགོས་ཤིང་། དེའི་ནང་གཙོ་བོར། གཅིག་ནི་ཞིང་ཆེན་ཕྱི་ནས་ཕྱིར་ལོག་པའི་མི་སྣ་དང་། གཉིས་ནི་ཞིང་ཆེན་ནང་ཁུལ་གྱི་ནང་འདྲེན་འཁྱགས་ཉར་ཟས་རིགས་ལས་གཉེར་མི་སྣ། འགག་སྒོའི་ཐད་གཏོགས་ནང་འདྲེན་ཚོང་ཟོག་ལས་བཟོ་བ། ལོགས་བཀར་བྱེད་སའི་ལས་བཟོ་བ། འགྲིམ་འགྲུལ་སྐྱེལ་འདྲེན་ལས་གཉེར་མི་སྣ་སོགས་ཀྱི་གཙོ་གནད་མི་ཚོགས་ཡིན།

གཉིས། ཟླ1པོའི་ཚེས28ཉིན་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་མགོ་རྩོམ་པ་ནས་ཟླ3པའི་ཚེས8ཉིན་བར་གྱི་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་མཇུག་བསྡུ་བའི་བར་གྱི་ཕྱིར་ལོག་པའི་མི་སྣ་ཡོང་སའི་ས་གནས་དང་། འགྲོ་སའི་ས་གནས་ཀྱི་ཉིང་སྐྱུར་བརྟག་དཔྱད་ཀྱི་ཐོབ་ཐང་ཡོད་པའི་སྨན་བཅོས་ལས་ཁུངས་དང་ནད་ཡམས་ཚོད་འཛིན་ལས་ཁུངས་སམ་ཕྱོགས་གསུམ་པའི་བརྟག་དཔྱད་ལས་ཁུངས་ནས་བརྟག་དཔྱད་བྱས་ཏེ། ཉིན7ནང་གི་ཉིང་སྐྱུར་བརྟག་དཔྱག་མཇུག་འབྲས་སྲིབ་གཤིས་ཡིན་པའི་དཔང་ཡིག་དང་། ཉིན7ནང་གི་ཉིང་སྐྱུར་བརྟག་དཔྱད་ཀྱི་ཆ་འཕྲིན་བདེ་ཐང་འགྲོ་སྐྱོད་བཤེར་རིས“ལྗང་མདོག་བཤེར་རིས”ལ་བརྟེན་ནས་ཕྱིར་ཕ་ཡུལ་དུ་ལོག་དགོས། 

གསུམ། ཕ་ཡུལ་དུ་ལོག་པའི་མི་སྣ་ཕྱིར་རང་ཡུལ་དུ་ལོག་རྗེས་འཕྲལ་མར་ས་གནས་ཤང་སྡེའི(འབྲོག)ཨུ་ཡོན་ལྷན་ཁང་དུ་སོང་ནས་ཡར་ཞུ་བྱེད་དགོས་པ་མ་ཟད། ཉིན7ནང་གི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་སྲིབ་གཤིས་ཡིན་པའི་དཔང་ཡིག་དང་། ཉིན7ནང་གི་ཉིང་སྐྱུར་བརྟག་དཔྱད་མཇུག་འབྲས་སྲིབ་གཤིས་ཆ་འཕྲིན་གྱི་བདེ་ཐང་འགྲོ་སྐྱོད་བཤེར་རིས“ལྗང་མདོག་བཤེར་རིས”ཡོད་དགོས།

བཞི། ཉེན་ཁ་ཆུང་བའི་ས་ཁུལ་གྱི་ཕ་ཡུལ་དུ་ལོག་པའི་མི་སྣས་ཉིང་སྐྱུར་བརྟག་དཔྱད་ཀྱི་དཔང་ཡིག་བཟུང་ནས་ཕྱིར་ལོག་རྗེས་ལོགས་སུ་བཀར་མི་དགོས་ནའང་། ཉིན14རིང་ཁྱིམ་དུ་བསྡད་དེ་བདེ་ཐང་ལྟ་ཞིབ་བྱེད་དགོས་ཤིང་། ལུས་ཕུང་དྲོད་གྲངས་དང་། ནད་གཞིའི་ལྟ་ཞིབ་བྱ་བ་ལེགས་པོར་སྒྲུབ་ཏེ། དགོས་ངེས་ཀྱིས་ཕྱིར་འགྲོ་མི་དགོས་ན་མི་འགྲོ་བའམ། ཕྱོགས་གཅིག་ཏུ་མི་འདུ་བར། ངེས་པར་དུ་ཕྱིར་འགྲོ་དགོས་ཚེ་མི་སྒེར་གྱི་འགོག་སྲུང་བྱ་བ་ལེགས་པོར་སྒྲུབ་དགོས། ཕྱིར་ལོག་པའི་དུས་ཚོད་ཉིན14འགོར་མེད་པ་ཡིན་ན། དོན་དངོས་ཀྱི་དུས་ཚོད་ནང་དུ་ཁྱིམ་དུ་བསྡད་དེ་བདེ་ཐང་ལྟ་ཞིབ་བྱེད་དགོས། ཉེན་ཁ་ཅུང་ཆེ་བའི་ས་ཁུལ་གྱི་མི་སྣ་རྩ་དོན་སྟེང་ཕྱིར་མི་ལོག་པ་དང་། དགོས་ངེས་ཀྱིས་ཕྱིར་ལོག་དགོས་པའི་མི་སྣར་གཅིག་བསྡུས་སྒོས་ཉིན14ལ་ལོགས་བཀར་བྱེད་དགོས་པ་མ་ཟད། ལོགས་བཀར་དུས་ཡུན་གྱི་དུས་དཀྱིལ་དང་དུས་མཇུག་ཏུ་སོ་སོར་ཉིང་སྐྱུར་བརྟག་དཔྱད་བྱ་དགོས། 

ལྔ། ལོ་སར་སྐབས་སུ་དགོས་ངེས་མིན་ཚེ་མི་བསྒྲུབ་པའི་རྩ་དོན་ལྟར། གཅིག་འདུས་རང་བཞིན་གྱི་བྱ་འགུལ་ཚོད་འཛིན་ནན་མོ་བྱེད་དགོས། ཆོས་ཚོགས་དང་རིག་རྩལ་འཁྲབ་སྟོན། ཕྱིར་འཚོང་སོགས་ཀྱི་བྱ་འགུལ་ཚོད་འཛིན་བྱས་ཏེ། ཞིང་སྡེ་དང་འབྲོག་ཁུལ་གྱི་ཚོང་རའི་གཞི་ཁྱོན་དང་གྲངས་ཀ་ཉུང་དུ་གཏོང་བ་དང་། མི་སྣའི་འགྲོ་འོང་ཚོད་འཛིན་བྱེད་དགོས། ཆོས་ལུགས་བྱ་འགུལ་དང་ཚོགས་རའི་ཚོད་འཛིན་དོ་དམ་བླང་བྱ་དོན་འཁྱོལ་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གཏན་འབེབས་ལག་བསྟར་བྱེད་དགོས། སྡོད་དམངས་ཀྱིས་འདུ་ཚོགས་སོགས་གཅིག་འདུས་ཅན་གྱི་བྱ་འགུལ་མི་སྤེལ་བར། དྲིལ་སྒྲོག་དང་སྟབས་བདེ་ཅན་གྱི་རྣམ་པས་རོང་འབྲོག་མང་ཚོགས་ཁྱིམ་མཚེས་ཉེ་རིང་བར་མི་འགྲོ་བ། གཅིག་འདུས་མི་བྱེད་པ། ཕྱིར་འགྲོ་བ་ཇེ་ཉུང་དུ་བཏང་ནས། གཉེན་སྟོན་དང་འདས་མཆོད་སོགས་སྟབས་བདེ་ཅན་དུ་གཏོང་བར་སྣེ་ཁྲིད་བྱེད་དགོས།

དྲུག ཤང་དང་གྲོང་རྡལ་སོ་སོ། སྲིད་འཛིན་སྡེ་བས་འགན་འཁྲི་ལམ་ལུགས་དོན་འཁྱོལ་དང་། པྲོག་གསར་གློ་ཚད་འགོག་བཅོས་ཚོད་འཛིན་ཤེས་བྱ་དང་འགོག་བཅོས་ཚོད་འཛིན་སྲིད་ཇུས་སྒྲོག་འགྲེལ་ལ་ཤུགས་བསྣན་ནས། ཕྱིར་ལོག་པའི་མི་སྣར་དྲ་མིག་ཅན་གྱི་དོ་དམ་ལག་བསྟར་དང་། ཐོ་འགོད་བྱ་བ་དང་བདེ་ཐང་ལྟ་ཞིབ། དེ་མིན་གནས་ཚུལ་ཁྱད་པར་བའི་ཐག་གཅོད་བྱ་བ་སོགས་ལེགས་པོར་སྒྲུབ་དགོས། ཕྱིར་ལོག་པའི་མི་སྣས་རང་འགུལ་སྒོས་རིམས་ནད་འགོག་བཅོས་ཚོད་འཛིན་གཏན་འཁེལ་ལྟར། མི་སྒེར་གྱི་འགྲོ་འདུག་སྙན་ཞུ་དོན་དངོས་ལྟར་ཡར་ཞུ་བྱས་ཏེ། བདེ་ཐང་ལྟ་ཞིབ་ཚད་ལེན་དང་མཐུན་འགྲིག་བྱེད་དགོས། མི་སྒེར་གྱིས་རང་འགུལ་སྒོས་སྨི་གཅིག་གི་བར་ཐག་བརྩི་སྲུང་བྱས་ནས། ལག་པའི་འཕྲོད་བསྟེན་དང་། ཁ་ཐུམ་རྒྱག་པ། གློ་ལུད་རྒྱག་པའི་གུས་ལུགས་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་དང་འཕྲོད་བསྟེན་གོམས་གཤིས་བརྩི་སྲུང་བྱེད་དགོས།  །

རྩོམ་སྒྲིག་པ། རིག་ལྡན་རྒྱ་མཚོ།

དཔྱད་མཆན 0 ཡོད།