ལིས་ཅེ་ཞང་གིས་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་དང་མེ་འགོག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་རྒྱུན་ལས་ཧྲིན་ཀྲང་གཞོན་པ་ལིས་ཅེ་ཞང་ཟི་ལིང་གྲོང་ཁྱེར་དུ་ཕྱིན་ནས་བདེ་འཇགས་ཐོན་སྐྱེད་དང་མེ་འགོག་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་དང་མེ་འགོག་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དགོངས་དོན་ལག་བསྟར་ཟབ་བྱས་ཏེ། རྒྱལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་བརྙན་འཕྲིན་ཁ་པར་གྲོས་ཚོགས་དང་རང་ཞིང་གི་བཀོད་སྒྲིག་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱེད་པ་དང་། དངོས་ཡོད་ལས་དོན་གྱི་འགན་འཁྲི་ཕྲག་ཏུ་བླངས་ནས་རྐྱེན་ངན་འགོག་བཅོས་དམ་འཛིན་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བདེ་འཇགས་འཕེལ་རྒྱས་འགོག་སྲུང་འཛིང་རགས་བརྟན་འཇགས་ཡོང་དགོས་ཞེས་ནན་གྱིས་བསྟན།

ལིས་ཅེ་ཞང་ཧོང་ཀྲུང་སྐུ་འབུམ་དགོན་དང་མཚོ་སྔོན་རྨ་ཆུ་ཞིན་ཡེ་ཚད་ཡོད་ཀུང་སི་དང་། ཀྲུང་གོའི་རྡོ་སྣུམ་མདོ་བ་སྣུམ་མཛོད་སོགས་སུ་བསྐྱོད་ནས་དགོན་པའི་མེ་འགོག་དང་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་བྱ་བར་རྒྱུས་ལོན་ཞིབ་མོ་བྱས་ཏེ། ཡུལ་དངོས་མེ་འགོག་བདེ་སྲུང་འགན་འཁྲི་དོན་འཁྱོལ་བྱས་པའི་གནས་ཚུལ་ལ་རྟོག་ཞིབ་གང་ལེགས་དང་། རང་ཞིང་གི་བདེ་འཇགས་འཕེལ་རྒྱས་གནས་བབ་ལ་ངོས་འཛིན་གང་ལེགས། གནོད་འགོག་དོན་རྐྱེན་གྱི་བྱ་བ་སྣ་ཚོགས་དམ་འཛིན་གྱིས་སྒྲུབ་པ་དང་། དགོན་པར་མེ་སྐྱོན་གྱི་དོན་རྐྱེན་ཚབས་ཆེན་འབྱུང་བ་སོགས་ལ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས་པར་བསྟན།

ལིས་ཅེ་ཞང་གིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོས་གནོད་འཚེའི་དོན་རྐྱེན་གྱི་ཉེན་ཁ་སྔོན་འགོག་དང་མེད་པར་བཟོ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས། སེམས་ཁྲལ་ཀྱི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་སྔར་བས་མཐོ་རུ་གཏོང་བ་དང་། ཐོག་མཐའ་བར་གསུམ་དུ་བདེ་འཇགས་འཕེལ་རྒྱས་ཀྱི་རྩ་བ་དམ་པོར་འཛིན་པ། སྔོན་འགོག་གཙོ་བོར་འཛིན་པ་དང་མེ་འགོག་ཟུང་དུ་སྦྲེལ་རྒྱུ་མཐའ་འཁྱོངས་ཀྱིས་ཐོག་མཐའ་བར་གསུམ་དུ་མེ་འགོག་བདེ་འཇགས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་རྣམ་པ་རྒྱུན་འཁྱོངས་དང་། མེ་སྐྱོན་སྔོན་འགོག་ཚོད་འཛིན་བྱེད་པའི་རང་འགུལ་དབང་ཆ་དམ་འཛིན་བྱེད་པ། ཆོས་ལུགས་དགོན་སྡེ་དང་རིག་དངོས་གནའ་ཤུལ། ཁང་བརྩེགས་འཛུགས་སྐྲུན། ཉེན་ཁ་ཅན་གྱི་ཁེ་ལས་སོགས་ཀྱི་ཉེན་ཁའི་གནས་སུ་མེ་སྐྱོན་སྔོན་འགོག་ཚོད་འཛིན་བྱེད་པར་ཤུགས་སྣོན་པ་དང་། མེ་འགོག་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྟོབས་ཤུགས་བཀོད་སྒྲིག ལྟ་སྐུལ་དོ་དམ་དང་ལས་སྒོའི་མཛུབ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། མེ་སྐྱོན་གྱི་མངོན་མེད་རྐྱེན་ངན་ཁག་ཅིག་གཅིག་བསྡུས་ཀྱིས་དག་ཐེར་ཡོ་བསྲང་བྱེད་པ། པྲོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་གཅིག་གྱུར་འཆར་འགོད་དང་།  གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་བྱེད་ཐབས་ནན་མོ་དོན་འཁྱོལ་དང་། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་སྤྱི་ཚོགས་ཁྱོན་ཡོངས་བརྟན་འཇགས་ཡོང་བར་ནན་གྱིས་སྲུང་སྐྱོང་བྱེད་དགོས་པར་བསྟན། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།