ནང་ཆེན་རྫོང་གི་གཞི་རིམ་གྱི་བོད་ལུགས་གསོ་རིག་ཞབས་ཞུའི་དྲ་བ་འཛུགས་སྐྲུན་བྱས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བོད་ལུགས་གསོ་རིག་དང་བོད་སྨན་ཐོན་ལས་ནི་ནང་ཆེན་རྫོང་གི་ལེགས་ལྡན་ཐོན་ལས་ཤིག་རེད། “ལོ་ལྔའི་འཆར་གཞི་བཅུ་གསུམ་པ”ནས་བཟུང་། ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་གིས་རྫོང་བོད་སྨན་ཁང་གིས་སྣེ་ཁྲིད་དང་འདེགས་སྐྱོར་བྱས་ཤིང་། ཤང་གྲོང་འཕྲོད་བསྟེན་ཁང་གི་བོད་ལུགས་གསོ་རིག་སྨན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་གི་བོད་ལུགས་གསོ་རིག་གི་ནད་བརྟག་སྨན་བཅོས་ཁང་གཙོ་གཞི་ཡིན་པ། སྤྱི་ཚོགས་མ་དངུལ་གྱིས་བོད་ལུགས་གསོ་རིག་གི་སྨན་བཅོས་ལས་ཁུངས་འཛུགས་པར་ཁ་གསབ་བྱེད་པ་བཅས་ཀྱི་གཞི་རིམ་གྱི་བོད་ལུགས་གསོ་རིག་གི་ཞབས་ཞུའི་དྲ་བ་ཞིག་སྤྱིའི་ཆ་ནས་བཙུགས་ཡོད། 

མིག་སྔའི་བར། ནང་ཆེན་རྫོང་དུ་རྫོང་རིམ་པའི་བོད་ལུགས་གསོ་རིག་གི་སྨན་བཅོས་ལས་ཁུངས1(རིམ་པ་གཉིས་པའི་ཀ་པ་རིམ་པ)དང་། བོད་ལུགས་གསོ་རིག་གི་དམངས་གཉེར་སྨན་ཁང2། བོད་ལུགས་གསོ་རིག་གི་སྨན་བཅོས་ཁང16། ཤང་གྲོང་འཕྲོད་བསྟེན་ཁང་གི་བོད་ལུགས་གསོ་རིག་ཁང་བཅུ། གྲོང་ཚོའི་འཕྲོད་བསྟེན་ཁང་གི་བོད་ལུགས་གསོ་རིག་སྨན་བཅོས་ཁང69བཅས་ཡོད་ལ། བོད་ལུགས་གསོ་རིག་གི་སྨན་བཅོས་ལས་ཁུངས་སོ་སོས་ལོ་རེར་མི་ཐེངས44536ལ་སྨན་བཅོས་བྱས།  

“ལོ་ལྔའི་འཆར་གཞི་བཅུ་གསུམ་པའི”ཚུན་དུ། ནོར་སྲིད་ཀྱི་རྒྱབ་སྐྱོར་དང་སྨན་བཅོས་བཅོས་བསྒྱུར། ཁ་གཏད་རོགས་སྐྱོར་སོགས་ཀྱི་བྱེད་ཐབས་ཀྱིས་བསྡོམས་པས་མ་དངུལ་སྒོར་ཁྲི3455བཏང་སྟེ། རྫོང་བོད་སྨན་ཁང་གི་སྨན་བཅོས་ལག་རྩལ་ཐོག་ཁང་འཛུགས་སྐྲུན་དང་རྫོང་བོད་སྨན་ལས་སྣོན་ལྟེ་གནས་ཀྱི་རྒྱས་སྐྲུན། སྨན་རྒྱུ་འདེབས་འཛུགས་སོགས་ལ་སྤྱད། ས་གནས་ཀྱི་གསོ་རིག་གསང་བའི་བཅོས་ཐབས་གྲགས་ཅན་དང་རྒྱུན་ཆད་པའི་གསང་བའི་བཅོས་ཐབས་སྣ་ཚོགས་འཚོལ་བསྡུ་དང་ལེགས་སྒྲིག་བྱས་ཤིང་། ཆེད་མཁས་པ་རྒན་གྲས་དང་དམངས་ཁྲོད་ཀྱི་བོད་ལུགས་གསོ་རིག་གི་སྨན་པ་རྒན་གྲས་ཀྱིས“དགེ་ཕྲུག་ཁྲིད་པ”དང་གྲོང་གསེབ་ཀྱི་སྨན་པས“ཕྱི་ལུགས་གསོ་རིག་དང་བོད་ལུགས་གསོ་རིག་ཀུན་ཤེས”ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་ནས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་ཤེས་ལྡན་མི་སྣ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་རེད། 2019ལོར་པེ་ཅིང་གྲོང་ནུབ་ཁུལ་གྱིས་ཁ་གཏད་རོགས་སྐྱོར་མ་དངུལ་སྒོར་ཁྲི510བཏང་ནས་ནང་ཆེན་རྫོང་བོད་སྨན་ཁང་གི་བོད་སྨན་སྨན་རྒྱུ་འདེབས་འཛུགས་ལས་དོན་འཕེལ་རྒྱས་ཐད་བེད་སྤྱོད་བྱས། 2018ལོར་པེ་ཅིང་གི་རོགས་སྐྲུན་རྣམ་གྲངས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་རྫོང་བོད་སྨན་ཁང་གི་སྨན་རྫས་ལས་སྣོན་ལྟེ་གནས་སུ་སྨི་གྲུ་བཞི་མ1543ཟིན་པའི་སྲོལ་རྒྱུན་བོད་སྨན་ལས་སྣོན་འཁོར་ཁང་བསྐྲུན་ལ། དེ་ནི་ཞིང་ཆེན་ནང་ཁུལ་གྱི་བོད་སྨན་གྱི་སྲོལ་རྒྱུན་ཚད་ལྡན་ལས་སྣོན་འཁོར་ཁང་གཅིག་པུ་རེད། དེར་མ་ཟད་སྔ་རྗེས་སུ་བོད་ལྗོངས་བོད་ལུགས་གསོ་རིག་སློབ་ཆེན་དང་། མཚོ་སྔོན་སློབ་ཆེན་བོད་ལུགས་གསོ་རིག་སློབ་གླིང་དང་ཁ་གཏད་རོགས་སྐྱོར་གྱི་འདོད་མཐུན་ལ་མིང་རྟགས་བཀོད་དེ་ལོ་རེར་བོད་ལུགས་གསོ་རིག་གི་སློབ་སྐྱོར་ཚོགས་པ་མངགས་ནས་བོད་ལུགས་གསོ་རིག་གི་ཆེད་ལས་སློབ་ཁྲིད་དང་གསོ་སྦྱོང་བྱེད་ཀྱིན་ཡོད། །

རྩོམ་སྒྲིག་པ། རིག་འཛིན་ལྷ་མོ།

དཔྱད་མཆན 0 ཡོད།